བཀའ་བློན་ཁྲི་པས་རང་ལུས་མེ་བསྲེག་ཐོག་གི་ལངས་ཕྱོགས།

བཀའ་བློན་ཁྲི་པས་རང་ལུས་མེ་བསྲེག་ཐོག་གི་ལངས་ཕྱོགས་དེ་༧གོང་ས་མཆོག་གི་ལངས་ཕྱོགས་དང་གཅིག་མཚུངས་ཡིན་ཞེས་གསུངས་བ།

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པའི་དྲི་བ་དང་ལེན་གནང་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རང་ལུས་མེ་བསྲེག་རྒྱུར་རྒྱབ་སྐྱོར་གནང་གི་མེད་པ་བཞིན་བཀའ་བློན་ཁྲི་པ་མཆོག་གི་ལངས་ཕྱོགས་ཀྱང་གཅིག་མཚུངས་ཡིན་ཞེས་གསུང་ཡོད་པ་རེད།
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༢༦ རེས་གཟའ་ཕུར་བུའི་ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་བོད་ནང་རང་ལུས་མེ་བསྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་ཐད་ཧིའུསི་ཀྲེན་ཀོ་རོ་ནི་ཀལ་(Houston Chronicle)ཞེས་པའི་གསར་འགོད་པས་བར་ལམ་བོད་ནང་དུ་རང་ལུས་མེ་བསྲེག་བཏང་བའི་ཛ་དྲག་གི་གནས་སྟངས་ཐད་བཅར་འདྲི་ཞུས་པའི་སྐབས། གསར་འགོད་པས་བོད་ནང་དུ་རྒྱུ་མཚན་གང་ལ་བརྟེན་ནས་བོད་མིས་རང་ལུས་མེ་བསྲེག་གཏོང་གི་ཡོད་དམ་ཅེས་བཀའ་འདྲི་ཞུས་པར། བཀའ་ཁྲི་མཆོག་གིས་དེ་ནི་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཡིན་ཞིང། དགེ་འདུན་པ་དང་བཙུན་མ་ནི་ཆོས་པ་ཡིན་སྟབས་རང་ཉིད་ཀྱི་སྙིང་ཁོང་རུས་པའི་གཏིང་ནས་དད་གུས་ཞུ་ཡུལ་རྒྱལ་བ་རིན་པ་ཆེ་ལ་མཚན་དམས་ཞུ་རྒྱུ་ཁས་ལེན་མ་བྱས་སྟབས་དགོན་པ་ནས་ཕྱིར་འབུད་བྱེད་པ་སོགས་བསུན་བཙིར་ཆེན་པོ་བཟོས་པར་བརྟེན་ནས་སོ་སོ་རང་ཉིད་ཀྱི་དཀའ་སྡུག་ལ་མ་འཛེམས་པར་འུ་ཐུག་ཐབས་ཟད་ཀྱི་ལམ་དེ་ལྟ་བུ་བདམས་པ་རེད་ཅེས་ལན་འདེབས་གནང་ཡོད་པ་རེད། ད་དུང་གསར་འགོད་པས། རང་ལུས་མེ་བསྲེག་གི་ལམ་དེ་ནི་ནང་པའི་ལྟ་གྲུབ་དང་མཐུན་གྱི་ཡོད་མེད་བཀའ་འདྲི་ཞུས་པར། དེའི་ཐད་ལ་ཤོད་ཚུལ་མི་འདྲ་མང་པོ་ཡོད་ཅིང༌། ཤོད་སྲོལ་ཞིག་ལ་། དེ་སྔ་སངས་རྒྱས་བཅོམ་ལྡན་གྱིས་སྟག་ཨ་མ་ཞིག་དང་ཕྲུ་གུ་བཞི་བཀྲེས་ལྟོགས་ཀྱིས་་་མནར་བའི་སྐབས་སྐུ་ལུས་སྟག་མོ་དང་སྟག་ཕྲུག་ལ་སྦྱིན་པ་གནང་བའི་ལོ་རྒྱུས་ཤོད་ཀྱི་ཡོད་ཀྱང། དོན་དངོས་ཐོག་རང་སྲོག་བཅད་པ་ནི་འཚེ་བའི་ལས་ཡིན་པ་དང༌། ནང་པའི་ལྟ་གྲུབ་དང་མཐུན་གྱི་མེད་ཅིང༌། ནང་པ་ཁག་ཅིག་གིས་རང་ལུས་མེ་བསྲེག་གཏོང་མཁན་གྱི་ཀུན་་སློང་འཛིན་སྟངས་ལ་འགྲེལ་བཤད་རྒྱབ་ཀྱི་ཡོད་ཀྱང་ལམ་དེ་ནི་ཧ་ཅང་གི་སེམས་སྐྱོ་དགོས་པ་ཞིག་རེད་ཅེས་ལན་འདེབས་གནང་ཡོད་པ་དང༌། ཡང་གསར་འགོད་པས། ཁྱེད་ནས་རང་ལུས་མེ་བསྲེག་གཏོང་བ་དེར་གཟིགས་ཚུལ་ཇི་ཡོད་ཅེས་བཀའ་འདྲི་ཞུས་པར། རྒྱལ་བ་རིན་པོ་ཆེས་རང་ལུས་མེ་བསྲེག་གཏོང་རྒྱུར་རྒྱབ་སྐྱོར་གནང་གི་མེད་པ་མ་ཟད། ཐ་ན་ཟས་བཅད་ལས་འགུལ་ལའང་རྒྱབ་སྐྱོར་གནང་གི་མེད་པའི་ལངས་ཕྱོགས་དང་གཅིག་མཚུངས་ཡིན་ཅེས་ལན་འདེབས་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org