དགུན་ཁའི་གུང་སེང་སྐབས་བོད་ཡིག་གི་གསབ་སྦྱོང་ཚོགས་མི་ཆོག་པ་བསྒྲགས་བཞིན་ཡོད་འདུག

མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་ཁག་གི་ནང་འདི་ལོའི་དགུན་དུས་གུང་སེང་སྐབས་བོད་ཡིག་གི་གསབ་སྦྱོང་ཚོགས་མི་ཆོག་པ་བསྒྲགས་བཞིན་ཡོད་འདུག

༢༠༡༠་ལོར་མདོ་སྨད་རེབ་གོང་དུ་སློབ་མ་སྟོང་ཕྲག་མང་པོས་སྐད་ཡིག་རང་དབང་དགོས་པའི་ངོ་རྒོལ་སྐབས། བོད་འབྱོར།/RFA

ཕྱི་ལོ་༢༠༢༡ ལོའི་ལོ་འགོ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ནང་སློབ་གྲྭའི་གུང་གསེང་སོགས་ཀྱི་སྐབས་སུ། མི་སྒེར་དང་ཚོགས་པའི་ངོས་ནས་སློབ་ཕྲུག་ཚོར་གང་བྱུང་གསབ་སྦྱོང་ཚོགས་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་བཞིན། ཉེ་སྔོན་ཕྱི་ཟླ་༡༠་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་སུ་ཡོད་པའི་རྫོང་དང་གྲོང་ཁྱེར་ཁག་གི་སློབ་གྲྭ་ཁག་ནང་། འདི་ལོའི་དགུན་ཁའི་གུང་གསེང་དང་སྐབས་སློབ་ཕྲུག་ཚོར་དམིགས་བསལ་བོད་ཡིག་གསབ་སྦྱོང་རིགས་ཚོགས་མི་ཆོག་པ། དགེ་རྒན་ཚོའི་ཚོགས་འདུ་བརྒྱུད་ཐེངས་མང་ལ་བསྒྲགས་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བའི་ནང་། ད་ལྟའི་ཆར་བོད་ནང་བོད་ཡིག་དངོས་ནས་རྩ་ནས་མེད་པ་གཏོང་ཐབས་ཤིག་བྱེད་བཞིན་འདུག་ལ། འདི་ལོ་མཚོ་སྔོན་ཞིང་ཆེན་མངའ་འོག་གི་སློབ་ཆུང་ཚང་མའི་རྩིས་རིག་དང་མཛེས་རྩལ་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་ཡོད་པ་དང་། ད་ལྟ་བོད་ཡིག་གཅིག་པུ་ཙམ་ལས་ལོ་རེ་བཞིན་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་འོག་གསབ་སྦྱོང་འཛིན་གྲྭ་དེ་དག་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་བྱེད་སའི་གོ་སྐབས་ཡག་པོ་ཞིག་ཡིན་ན་ཡང་། སྔ་ལོ་ལྟ་བུར་དེ་འདྲ་གང་ཡང་མེད་པར་བོད་ཡིག་གི་གསབ་སྦྱོང་ཚང་མ་འཚོགས་བཅུག་ཡོད་པ་དང་། འདི་ལོ་ནས་དེ་རིགས་ནས་གཏན་འགོག་བྱས་ཡོད་པས་བློ་ཕམ་སྐྱེས་གཞི་ཞིག་ཏུ་གྱུར་ཡོད་སྐོར་བྲིས་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་༩་བའི་ནང་རྒྱ་ནག་སློབ་གསོ་ལས་ཁུངས་ཟེར་བས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། འདི་ལོ་ནས་བཟུང་ཞི་ཅིན་ཕིན་གྱི་རྒྱ་ནག་གི་སྐད་ཡིག་སློབ་གསོའི་ཐད་གནང་བའི་ལམ་སྟོན་དང་དགོངས་པར་སློབ་སྦྱོང་ཡང་དག་ཟེར་བ་ལག་བསྟར་ཡོང་སླད། གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས་ཆུང་དུས་ནས་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་འཇོག་ཐབས་དགོས་སྐོར་དང་། དེ་བཞིན་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་སྐད་ཡིག་སློབ་ཁྲིད་ཇེ་ཉུང་དང་བོད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་པ་སོགས་བྱེད་བཞིན་པ་ལྟར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས། རྒྱ་ནག་གཞུང་གིས་ནམ་རྒྱུན་ཀྲུང་ཧྭ་རིག་གནས་འདུས་གྲུབ་ཞེས་ཐ་སྙད་ཡག་པོ་འདྲ་བོ་སྤྱོད་བཞིན་པ་ལས། མཐར་ཐུག་གི་དམིགས་ཡུལ་རྒྱ་ནག་ཧན་མི་རིགས་རྒྱ་སྐྱེད་དང་། བོད་གཙོའི་གྲངས་ཉུང་མི་རིགས་ཁག་རྩ་མེད་གཏོང་ཐབས་ཁོ་ན་ཞིག་ཡིན་སྐོར་བརྗོད་བྱུང་།
དེ་སྔ་རྒྱ་ནག་གཞུང་འབྲེལ་སློབ་གསོ་ཁང་གིས་གསབ་སྦྱོང་ཚོགས་མི་ཆོག་པའི་བརྡ་ཁྱབ་ཟེར་བའི་ནང་། གཞུང་ངོས་ནས་གསབ་སྦྱོང་གཏན་འབེབས་ལས་སྒེར་ངོས་ནས་ཚོགས་མི་ཆོག་པ་དང་། གནད་དོན་དེ་སློབ་གསོ་འདྲ་མཉམ་ཡོང་ཐབས་དང་། སློབ་ཕྲུག་གི་སློབ་སྦྱོང་ཁུར་བོ་ཇེ་ཡང་དུ་གཏོང་ཐབས་སོགས་ཡིན་སྐོར་བཀོད་ཡོད་ན་ཡང་། གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་སྤྱིར་རྒྱ་ཡིག་ནང་གསབ་སྦྱོང་ཚོགས་མི་ཆོག་པའི་སྐོར་གྱི་གནས་ཚུལ་མང་པོ་ཐོན་ཡོད་ན་ཡང་། དེ་རིགས་ནང་གཞུང་གི་ཆོག་མཆན་ཡོད་པའི་གསབ་སྦྱོང་རིགས་ཚོགས་མི་ཆོག་པ་གང་ཡང་བཤད་མེད་ཀྱང་། བོད་ཁུལ་དུ་དེ་འབྲེལ་གྱི་བརྡ་ཁྱབ་རིགས་ཧ་ཅང་གསང་བ་བྱེད་བཞིན་པ་མ་ཟད། བོད་ཡིག་གསབ་སྦྱོང་གཏན་ནས་ཚོགས་མི་ཆོག་པ་དང་གལ་ཏེ་ཚོགས་པ་ཡིན་ན་ཁྲིམས་ཐོག་ནས་ཉེན་ཆད་ལྕི་མོ་ཡོད་སྐོར་བསྒྲགས་ཡོད་པ་བརྗོད་བྱུང་། སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ནས་བཟུང་བོད་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་ཡིག་བོད་སྐད་སློབ་ཁྲིད་ཐད་དམ་དྲག་གི་སྲིད་བྱུས་ལག་བསྟར་དང་། བོད་ཡིག་གཙོ་ཁྲིད་ཀྱི་སློབ་གྲྭ་སེང་འབྲུག་སྟག་རྩེ་དང་དེ་མིན་གྱི་སྒེར་གཉེར་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་བཅུག་པ་དང་། འདི་ལོའི་ཕྱི་ཟླ་༨་ཚེས་༢༤་ཉིན་རྔ་བ་ཕྱོགས་ནས་བོད་རིགས་ན་གཞོན་སློབ་མ་གཉིས་ཀྱིས་རྒྱ་ནག་གཞུང་གིས་ཡུལ་ཕྱོགས་དེར་རྒྱ་ཡིག་གཙོ་ཁྲིད་ཀྱི་སློབ་ཁྲིད་ལག་བསྟར་ཐད་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བཀག་ཉར་བྱས་བ་དང་། དེ་བཞིན་བོད་རིགས་དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org