ཐེ་ཝན་ལ་བོད་མིས་ཟད་བཅད་ངོ་རྒོལ་གྱི་ལས་འགུལ།
ཐེ་ཝན་ནང་གནས་སྡོད་བོད་མི་བཅུས་ཆུ་ཚོད་༤༩་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་བོད་ནང་གི་བོད་མི་རང་ལུས་མེར་བསྲེག་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་བྱས་འདུག
-
2012-12-12 -
-
-
དེ་ཡང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་གཙོ་འགན་ཐོག་ཐེ་ཝན་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ་། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་འབྲེལ་གྱིས་བོད་ནང་རང་ལུས་མེར་སྲེག་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེས་མཚོན་སླད་། ཚེས་༡༠བར་ཆུ་ཚོད་༤༩རིང་བོད་མི་བཅུས་ཟས་བཅད་ངོ་རྒོལ་གནང་ཡོད་པ་མ་ཟད་། བོད་ནང་རང་ལུས་མེར་བསྲེགས་བཏང་མཁན་ཚོའི་ཞལ་ཆེམས་སོགས་པར་རིས་འགྲེམས་སྟོན་གནང་ཡོད་པའི་ཁར་ཉིན་གསུམ་རིང་མཆོད་མེ་བརྒྱ་ཚར་དང་། ཕྱི་ཚེས་༡༠ཉིན་མར་མེའི་སྟོང་མཆོད་འབུལ་བ་དང་མཉམ་ སྨོན་ལམ་གསུང་འདུག
དུས་འཚུངས་ཐེ་ཝན་བོད་རིགས་ཚོགས་པའི་བོད་ཡིག་དྲ་རྒྱ་གསར་པ་ངའི་བོད་ཅེས་པ་དབུ་འབྱེད་དང་། བོད་དོན་དྲིལ་བསྒྲགས་ཀྱི་སྣུམ་འཁོར་སྒོ་འབྱེད་གནང་ཡོད་འདུག ཟས་བཅད་ངོ་རྒོལ་རིང་ཐེ་ཝན་གྱི་སྲིད་བློན་ཟུར་པ་དང་། དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུའུ་ཀྲན་ཁྲང་། ཐེ་དབན་མཐུན་སྒྲིལ་མཉམ་འབྲེལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ལིན་ཧྲི་ཅའ་ཧོང་ཝིན་ལིང་། དམངས་གཙོ་ཡར་མཐོན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁྲན་ཅེ་རུའུ་། ལྕམ་ཝུ་ཡི་ཀྲེ། ཤོའོ་མེའི་ཆིང་སོགས་གནད་ཡོད་མི་སྣ་ཆེད་བསྔགས་ཟས་བཅད་ངོ་རྒོལ་གནང་སར་ཕེབས་ཏེ་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་ཚོའི་སྐུ་པར་ལ་མཇལ་དར་མགྲོན་ནས་གདུང་སེམས་མཉམ་བསྐྱེད་གསུང་བཤད་གནང་ཡོད་འདུག་ལ། དེའི་སྐོར་གྱི་གནས་ཚུལ་ཐེ་ཝན་གྱི་བརྙན་འཕྲིན་དང་། ཚགས་ཤོག དྲ་རྒྱ་སོགས་ནང་གང་མང་སྤེལ་འདོན་བྱུང་ཡོད་འདུག