བོད་མི་༢༢༣ལ་སྦེལ་ཇམ་གྱིས་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་ཆོད།

སྦེལ་ཇམ་ནང་བོད་མི་ཁག་གཅིག་ད་ཆ་འགྲོ་ས་དང་སྡོད་ས་མེད་པ་དང་ཉིན་རེའི་འཚོ་བ་ཡང་སྤྱིན་གཏོང་ཚོགས་པ་དེ་འདྲ་ནས་སློང་གི་ཡོད་འདུག

ཧྥ་རན་སིའི་ནང་ཟམ་འོག་ལ་ཉལ་བསྡད་ཡོད་པའི་བོད་མི་ཁག་གཅིག ༢༠༡༤།༨ དྲ་བཤུས

བོད་མི་ཚོ་ད་ཆ་འགྲོ་ས་དང་སྡོད་ས་མེད་པ་དང་ཉིན་རེའི་འཚོ་བ་ཡང་སྤྱིན་གཏོང་ཚོགས་པ་དེ་འདྲ་ནས་སློང་གི་ཡོད་འདུག
དེ་ཡང་དེ་རིང་སྦེལ་ཇམ་བོད་མིའི་འཐུས་མིའི་རྒྱུན་ལས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཤིག་ནང་འཁོད་པར་གཞིགས་ན། སྦེལ་ཇམ་ནང་སྐྱབས་བཅོལ་ཞུ་མཁན་བོད་མི་༣༤༢ཙམ་ཡོད་པའི་ནང་ནས་མི་གྲངས་༢༢༣ལ་སྦེལ་ཇམ་གཞུང་གིས་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་གཅོད་གནང་ཟིན་པ་དང་། དེའི་ནང་ནས་མི་གྲངས་༡༥༠ལྷག་སྦེལ་ཇམ་ནང་གནས་སྡོད་མི་ཆོག་པའི་གནས་སྟངས་ཀྱིས་ད་ཆ་འགྲོ་ས་དང་སྡོད་ས་མེད་པ་དང་། ཉིན་རེའི་འཚོ་བ་ཡང་སྦྱིན་གཏོང་ཚོགས་པ་དེ་འདྲ་ནས་སློང་མོ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པའི་དཀའ་ངལ་འཕྲད་བཞིན་ཡིན་འདུག བོད་མིར་སྐྱབས་བཅོལ་མི་སྤྲོད་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་གར་ནང་བོད་མི་ཚོར་དཀའ་ངལ་མེད་པའི་རྒྱུ་མཚན་དེ་ཡིན་པ་རེད། བོད་མི་དེ་དག་གི་དཀའ་ངལ་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་། ས་གནས་སྐུ་ཚབ་དོན་གཅོད། སྤྱི་འཐུས་བཅས་ནས་ད་བར་ཐུགས་འཁུར་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཐོག་མ་འོངས་པར་ཡང་རང་གཞུང་ཁོ་ན་ལ་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད་ཅེས་བཀོད་འདུག
ཡང་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་། དེང་སང་ཡུ་རོབ་ནང་སྐྱབས་བཅོལ་ཞུ་མཁན་བོད་མི་ལ་སྐྱབས་བཅོལ་མ་རག་པའི་རྐྱེན་གྱིས་བོད་མི་མང་པོ་ཞིག་སེམས་ནད་ཀྱིས་མནར་བ་སོགས་ཀྱི་གནས་ཚུལ་ཐོན་པ་དེ་ནི་བདེན་པ་མིན་པ་དང་། སྦེལ་ཇམ་ཙམ་མིན་པར་སྐྱབས་བཅོལ་ཡིག་ཆའི་ཐད་དཀའ་ངལ་འཕྲད་བཞིན་པའི་ཡུ་རོབ་ཀྱི་ཡུལ་གྲུ་གཞན་པའི་ནང་ཡོད་པའི་བོད་མི་ཚང་མ་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་ཐབས་ལ་ཕན་ནུས་ཐོན་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་འདུག
གནས་ཚུལ་ལྟར་ན་། ཧྥ་རན་སིའི་ནང་ཡང་བོད་མི་ཚོར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་ཡོད་མུས་དང་། ཁོང་ཚོར་གནས་སྐབས་རིང་སྡོད་སའི་གནས་ཚང་མ་རེག་པའི་དཀའ་ངལ་འོག་བོད་མི་བཅུ་ཕྲག་ཁ་ཤས་ཟམ་འོག་ལ་ཉལ་བསྡད་ཡོད་པ་རེད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org