ཚེ་རིང་སྐལ་ལྡན་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་རྩེར་སོན་གྱི་བྱ་དགའ་ཐོབ་འདུག

ཨོསེ་ཊེ་ལི་ཡའི་ནང་གི་བོད་རིགས་བུ་མོ་ཚེ་རིང་སྐལ་ལྡན་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་རྩེར་སོན་གྱི་བློན་ཆེན་བྱ་དགའ་ཐོབ་འདུག

ཚེ་རིང་སྐལ་ལྡན་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་རྩེར་སོན་གྱི་བྱ་དགའ་ཐོབ་སྐབས། ༢༠༡༧།༩།༢༥ Thonden Rhalo/FB

ཨོསེ་ཊེ་ལི་ཡའི་གྲོང་ཁྱེར་སིཌ་ནིའི་ནང་ཡོད་པའི་(New South Wales)་ཁུལ་གྱི་གཟའ་མཇུག་སྐད་ཡིག་སློབ་གྲའི་ཁོངས་ནས་རང་ལོ་བཅུ་གསུམ་ཡིན་པའི་བོད་རིགས་བོུ་ཚེ་རིང་སྐལ་ལྡན་ལགས་སུ། བོད་ཀྱི་སྐད་ཡིག་སློབ་གཉེར་རྩེར་སོན་གྱི་བློན་ཆེན་བྱ་དགའ་ཐོབ་ཡོད་འདུག
དེ་ཡང་ཨོསེ་ཊེ་ལི་ཡའི་སིན་ནིའི་བོད་རིགས་མཐུན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ཕྱི་ཟླ་དགུ་པའི་ཚེས་༢༥་ཉིན་ཨོསེ་ཊེ་ལི་ཡའི་སིཌ་ནི་གྲོང་ཁྱེར་དུ་ཡོད་པའི་(New South Wales)་གཙུག་ལག་སློབ་གྲའི་(Sir John Clancy)་ཚོགས་ཁང་ནང་ལོ་ན་བཅུ་གསུམ་ལ་སོན་པའི་བོུ་ཚེ་རིང་སྐལ་ལྡན་ལགས་ལ། བོད་ཀྱི་སྐད་ཡིག་སློབ་གཉེར་རྩེར་སོན་གྱི་བྱ་དགའ་དེ་མངའ་སྡེའི་བློན་ཆེན་གྱི་སྐུ་ཚབ་མངའ་སྡེའི་གྲོས་ཚོགས་འཐུས་མི་མི་རིགས་སྣ་མང་རིག་གཞུང་བློན་ཆེན་གྱི་དྲུང་ཆེ་སྐུ་ཞབས་(Geoff  Lee)་ནས་གནང་ཡོད་འདུག   (New South Wales)་ཞེས་པའི་མངའ་སྡེའི་ཁོངས་སུ་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའམ་གཟའ་མཇུག་གི་སློབ་གྲྭ་ཁག་༢༥༤་ཙམ་ཡོད་པ་དང་། སློབ་གྲྭ་དེ་དག་ནང་སྐད་ཡིག་མི་འདྲ་བ་༥༢་སློབ་བཞིན་ཡོད་ཅིང་། སྐད་ཡིག་སྦྱོང་མཁན་སློབ་ཕྲུག་ཁྲི་གསུམ་ལྷག་ཙམ་ཡོད་པ་རེད།
ད་རེས་བློན་ཆེན་གྱི་བྱ་དགའ་དེ་ནི། གཟའ་མཇུག་སློབ་གྲྭ་སོ་སོས་རང་ཁོངས་སློབ་མའི་ནང་ནས་ལོ་འཁོར་ཡིག་རྒྱུགས་དང་། འཛིན་གྲྭར་བཅར་ཐོ། སྤྱོད་ལམ། རིག་རྩལ་འགྲན་ཚོགས་སུ་འཛུལ་ཞུགས་ཀྱི་སྤུས་ཚད་བཅས་གཙོ་བཟུང་གིས་བྱ་དགའ་འོས་མི་གཉིས་རེ་མངའ་སྡེའི་ཤེས་རིག་ལས་ཁུངས་ལ་འབུལ་གྱི་ཡོད་པ་བཞིན་ཤེས་རིག་ལས་ཁུངས་ཀྱིས་འོས་མི་དེ་དག་གི་གནས་སྟངས་ལ་དཔྱད་ཞིབ་ཀྱིས་རྩེ་ཕུད་བཅུ་དྲག་འདེམས་ཀྱིས་བྱ་དགའ་གནང་གི་ཡོད་པ་རེད།
སིཌ་ནིའི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་གིས་འདི་ལོ་ཐེངས་དང་པོར་སློབ་མ་གཉིས་ཀྱི་ལོ་རྒྱུས་དང་བཅས་བྱ་དགའ་འོས་གཞིའི་ཁོངས་ཕུལ་ཡོད་པ་ལས་འཛིན་རིམ་ལྔ་པའི་སློབ་མ་ཚེ་རིང་སྐལ་ལྡན་ལགས་སུ་བློན་ཆེན་བྱ་དགའ་དང་། གཞི་རིམ་འཛིན་གྲྭའི་སློབ་མ་བསྟན་འཛིན་ཉི་མ་ལགས་སུ་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་ནི་ཨོསེ་ཊེ་ལི་ཡའི་ལོ་རྒྱུས་ནང་བོད་རིགས་སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་གནང་ནས་བློན་ཆེན་གྱི་བྱ་དགའ་ཐོབ་པ་ཐོག་མ་དེ་ཡིན་པ་བཀོད་འདུག

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org