བོད་མིའི་སྲིད་སྐྱོང་འོས་བསྡུའི་ཐད་སེམས་འཚབ་ཡོད་ཚུལ་བསྟན་པ།

ཨ་མི་རི་ཀ་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་བསྡུའི་ཐད་ལ་ལྟ་ཞིབ་གནང་དགོས་པའི་འབོད་སྐུལ་བྱས་འདུག

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Dana Rohrbacherལགས་ཀྱི་འབོད་སྐུལ་ཡིག་གེ ༢༠༡༦།༢།༡ དྲ་བཤུས།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྤྱིའི་འཕེལ་རྒྱས་ལྷན་ཁང་གི་འགན་འཛིན་ལ་བཙན་བྱོལ་བོད་མིའི་འོས་བསྡུར་ལྟ་རྟོག་གནང་དགོས་པའི་འབོད་སྐུལ་ཞུ་ཡིག་ཞིག་ཕུལ་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་༡ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Dana Rohrbacherལགས་ཀྱིས། ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་དང་  ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྷན་ཁང་གི་འགན་འཛིན་Gayle Smithརྣམ་གཉིས་ཀྱི་མཚན་ཐོག་དུ་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་པའི་དེའི་ནང་། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་བསྡུའི་ཐད་ལ་ལྟ་ཞིབ་གནང་དགོས་པ་དང་། བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་བསྡུའི་སྒྲིག་གཞིའི་ནང་སྨྲ་བརྗོད་རང་དབང་དང་། འདུ་ཚོགས་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པར་སེམས་འཚབ་ཡོད་སྐོར་བཀོད་འདུག
ད་དུང་ཨ་རི་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐད་མཐུན་འགྱུར་གནང་མུས་ཡིན་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞིའི་ནང་། རང་དབང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བཀའ་སྤྱིའི་འོས་བསྡུའི་སྐོར་ལ་བྱ་འགུལ་དང་གསལ་བསྒྲགས་གང་ཡང་སྤེལ་མི་ཆོག་པའི་སྐོར་ཡོད་པ་དང་། ངོས་འཛིན་ཡོད་པའི་ཚོགས་སྡེ་ཁག་ཅིག་མ་གཏོགས་ཚོགས་སྡེ་གཞན་དག་གིས་སྨྲ་བརྗོད་རང་དབང་ཆ་ཚང་ལོངས་སྤྱོད་མ་ཐུབ་པ་དང་། དམངས་གཙོའི་ལམ་སྲོལ་ནང་འོས་མི་སུ་འདྲ་ཞིག་གིས་ཚོགས་སྡེ་གང་རུང་ཞིག་བརྒྱུད་འོས་བསྡུའི་ལས་འགུལ་ལ་འགྲོ་གྲོན་དང་། གཏམ་གླེང་མི་ཆོག་པ་འཁོད་འདུག་པ་སོགས་ནི་རང་དབང་དམངས་གཙོའི་ལམ་སྲོལ་དང་མཐུན་ཐབས་མེད་པར་བརྟེན་ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་བཀའ་སྤྱིའི་འོས་བསྡུ་ཚུད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་ད་ལྟའི་དམངས་གཙོའི་ལམ་སྲོལ་དང་མཐུན་མིན་ཐད་ལ་ལྟ་ཞིབ་གནང་དགོས་པའི་སྐོར་སོགས་བཀོད་འདུག

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org