སྲིད་སྐྱོང་དང་སྤྱི་འཐུས་དངོས་གཞིའི་འོས་འཕེན་པར་དེབ་སྐྱེལ་གནང་ཆོག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ལ་འོས་འཕེན་དེབ་སྐྱེལ་གྱི་གོ་སྐབས་གཉིས་བ་གསལ་བསྒྲགས་གནང་ཡོད་འདུག

དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས། ༢༠༡༥།༡༢།༤ འཇིགས་མེད་སྙན་གྲགས། RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ལ་འོས་འཕེན་དེབ་སྐྱེལ་གྱི་གོ་སྐབས་གཉིས་བ་གསལ་བསྒྲགས་གནང་ཡོད་འདུག
དེ་ཡང་སྔ་ལོ་ཕྱི་ཟླ་༡༠པའི་ནང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོནའགྲོའི་འོས་བསྡུའི་སྐབས་དེབ་སྐྱེལ་གནང་མེད་མཁན་ཚོར་རིང་མིན་ཕྱི་ཟླ་༣པའི་ཚེས་༢༠ཉིན། དངོས་གཞིའི་འོས་བསྡུའི་སྐབས་འོས་འཕེན་ཆོག་པའི་དེབ་སྐྱེལ་གྱི་གོ་སྐབས་གཉིས་པ་ཞིག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།
གནད་དོན་དེ་དང་འབྲེལ་ཆགས་སྐོར་བོད་ཀྱི་དུས་བབ་གསར་ཤོག་ཀྱིས་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་བཅར་འདྲི་ཞུས་པའི་ནང་། འོས་བསྡུའི་དེབ་སྐྱེལ་བྱས་ཡོད་ཀྱང་སྔོན་འགྲོའི་ནང་འོས་འཕེན་ཐུབ་མེད་ན། དངོས་གཞིར་བླུག་ཆོག་གི་མ་རེད་ཟེར་བའི་སྐད་ཆ་ཞིག་ཡོང་བཞིན་པ་དེ་བདེན་པ་མིན་པ་དང་། འོས་བསྡུའི་དེབ་སྐྱེལ་བྱས་ཡོད་ན། སྔོན་འགྲོ་དང་དངོས་གཞི་གཉིས་ཀར་འོས་བླུག་ཆོག་གི་ཡོད་པ་དང་། གཉིས་པ། སྔོན་འགྲོའི་སྐབས་སུ་འོས་བསྡུའི་དེབ་སྐྱེལ་བྱས་མེད་པའི་དབང་གིས་འོས་བླུག་ཐུབ་མེད་ན། དངོས་གཞིའི་འོས་བསྡུའི་གོང་ལ་དེབ་སྐྱེལ་གནང་ཐུབ་པ་ཡིན་ན། སྔོན་འགྲོར་འོས་འཕེན་ཐུབ་མེད་ཀྱང་དངོས་གཞིའི་སྐབས་སུ་འོས་བླུག་ཆོག་གི་ཡོད་སྟབས་དེ་ཚང་མས་གསལ་བོར་མཁྱེན་དགོས་པ་ཞིག་ཡིན་སྐོར་གསུངས་འདུག
འོས་བསྡུའི་འགན་འཛིན་མཆོག་གིས། སྔོན་འགྲོའི་ནང་འོས་འཕེན་གྱི་གོ་སྐབས་མ་རག་པ་རྣམས་ནས་གང་མགྱོགས་སོ་སོའི་ས་གནས་སུ་འོས་བསྡུའི་དེབ་སྐྱེལ་གནང་དགོས་པ་དང་། དབུས་འོས་བསྡུ་ལས་ཁུངས་ནས་ཉེ་ལམ་ཕྱི་ལོ་༢༠༡༥ཟླ་༡༡ཚེས་༦ཉིན་ནས། ས་གནས་ཁག་ལ་འོས་བསྡུའི་དེབ་སྐྱེལ་གྱི་གོ་སྐབས་གཉིས་པ་ཕུལ་ཡོད་པ་དང་། གོ་སྐབས་དེ་ཕྱི་ལོ་ ༢༠༡༦ཟླ་༢ཚེས་༢༠ནས་རྫོགས་ཀྱི་སྟབས་དུས་ཚོད་དེའི་ནང་ཚུན་ལ་དེབ་སྐྱེལ་བྱེད་ཐུབ་པ་དགོས་ཀྱི་ཡོད་པ་གསལ་འདོན་གནང་འདུག
ཡང་བོད་ཀྱི་དུས་བབ་གསར་ཤོག་གིས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ག་དུས་གསལ་བསྒྲགས་གནང་རྒྱུ་དང་། དངོས་གཞིའི་འོས་མིའི་ཁྲོད་ཆོལ་ཁ་དང་ཆོས་བརྒྱུད། ཕྱི་རྒྱལ་ཁག་བཅས་ནས་འོས་མིའི་གྲངས་ཚད་གསལ་བསྒྲགས་གནང་འཆར་ཡོད་མེད་སྐོར་བཅར་འདྲི་ཞུས་པར། འོས་བསྡུའི་འགན་འཛིན་མཆོག་གིས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་དེ་༢༠༡༦ལོའི་ཕྱི་ཟླ་༢པའི་ཚེས་༣ཉིན་གསལ་བསྒྲགས་བྱ་རྒྱུ་དང་། སྲིད་སྐྱོང་འོས་གཞི་ནི། དེ་སྔ་གསལ་བསྒྲགས་ཞུས་པ་དེ་རང་ཡིན་ཞིང་། དེ་ཡང་སྒྲིག་གཞིའི་དགོངས་དོན་ལྟར་སྲིད་སྐྱོང་འོས་མི་༢དང་། ཆོལ་ཁའི་སྤྱི་འཐུས་འོས་མི་༢༠རེ། ཆོས་བརྒྱུད་ཁག་ལ་འོས་མི་༤རེ། ཨ་རི་དང་ཡུ་རོབ་ལ་འོས་མི་༤རེ། རྒྱ་བལ་འབྲུག་གསུམ་ཕུད་ཨོ་སི་ཊིར་ལེ་ཡ་དང་ཨེ་ཤ་ཡའི་ནང་འོས་མི་༢བཅས་དང་། དེའི་སྟེང་ལ་དངས་བླངས་བཞེངས་མཁན་རྣམས་ཁ་སྣོན་རྒྱག་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org