བོད་སྐོར་ཀྱི་གློག་བརྙན་མཆོད་མེ་ལ་གཟེངས་རྟགས་ཐོབ་རེ་ཡོད་པ།
བོད་སྐོར་གྱི་གློག་བརྙན་མཆོད་མེ་ཞེས་བ་Oscar Awardཞེས་རྒྱལ་སྤྱིའི་ཐོག་གྲཊ་ཆེ་བའི་གློག་བརྙན་གྱི་བྱ་དགའི་མཚན་གཞུང་ནང་སླེབས་འདུག
-
2015-01-23 -
-
-
བོད་སྐོར་གྱི་གློག་བརྙན་མཆོད་མེ་ཞེས་བ་Oscar Awardཞེས་རྒྱལ་སྤྱིའི་ཐོག་གྲཊ་ཆེ་བའི་གློག་བརྙན་གྱི་བྱ་དགའི་མཚན་གཞུང་ནང་སླེབས་འདུག
དེ་ཡང་ཨ་རིའི་གློག་བརྙན་དང་སྒྱུ་རྩལ་ལྟེ་གནས་ཁང་གིས་འདི་ལོ་Oscar Awardཞེས་པའི་གློག་བརྙན་དང་འབྲེལ་བའི་སྒྱུ་རྩལ་གྱི་བྱ་དགའ་ཐེངས་༨༧པའི་ཐོག་འདེམས་སྒྲུག་བྱུང་བའི་གློག་བརྙན་གྱི་མཚན་གཞུང་ཉེ་སྔོན་གསལ་བསྒྲགས་གནང་ཡོད་པ་དང་། གློག་བརྙན་གྱི་སྡེ་ཚན་སྣ་མང་ཁོངས་ནས་གློག་བརྙན་ཐུང་ཐུང་གྲས་སུ་མཆོད་མེ་ཞེས་བ་ཧྥ་རན་སིར་གནས་སྡོད་རྒྱ་རིགས་Hu Weiགིས་བཟོ་བསྐྲུན་བྱས་པའི་དུས་ཡུན་སྐར་མ་༡༥ཅན་གྱི་བོད་སྐོར་གྱི་གློག་བརྙན་ཞིག་བྱ་དགའ་བཞེས་མཁན་གྱི་མཚན་གཞུང་ནང་འདེམས་བསྒྲུགས་བྱུང་འདུག
མཆོད་མེ་ཞེས་པའི་གློག་བརྙན་དེའི་ནང་གཙོ་བོ་དེང་རབས་དང་གོ་ལ་གཅིག་གྱུར་གྱི་ཤུགས་རྐྱེན་འོག་བོད་ནང་གི་བོད་མིའི་སྲོལ་རྒྱུན་རིག་གཞུང་འགྱུར་ལྡོག་དང་། ཉམས་ཆགས་ཇི་འགྲོའི་སྐོར་བརྗོད་གཞི་གཙོ་བོ་བཟུང་ཡོད་འདུག དེ་ཡང་རྒྱ་རིགས་གློག་བརྙན་བཟོ་བསྐྲུན་མཁན་Hu Weiཡིས་གློག་བརྙན་ཐུང་ངུ་འདིའི་ནང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཁོངས་ཀྱི་བོད་རིགས་འབྲོག་པ་ཁག་ཅིག་ཕོ་བྲང་པོ་ཏ་ལ་དང་། གནམ་བདེ་སྒོ་མོ་ཆེ། ༢༠༠༨ལོའི་པེ་ཅིན་ཨོ་ལོམ་པིག་ར་བ། དེ་བཞིན་རྒྱ་ནག་ལྕགས་རི་རིང་མོ་སོགས་རྒྱབ་ལྗོངས་རས་གཞི་མི་འདྲ་བ་༦གི་མདུན་དུ་འདྲ་པར་བརྒྱབ་ཏེ་རྒྱ་གཞུང་གི་འདུ་ཤེས་ཁྲོད་ཀྱི་བོད་མི་རིགས་ཀྱི་རིག་གནས་དང་། དད་མོས་ཀྱི་གནས་བབ་མཚོན་ཐབས་བྱས་ཡོད་འདུག
གློག་བརྙན་འཁྲབ་ཁྲིད་པ་Hu Weiལགས་ཀྱིས་རས་གཞི་རྒྱབ་ལྗོངས་བྱས་ནས་པར་ལེན་བྱས་པ་དེ། དོན་དངོས་དང་རྨི་ལམ། དེང་རབས་དཔལ་ཡོན་དང་སྲོལ་རྒྱུན་གོམས་གཤིས། རྒྱ་ནག་གི་བསམ་བློའི་འདུ་ཤེས་དང་བོད་མིའི་དད་མོས་ཙམ་དུ་མ་ཟད། བོད་མིའི་ངོ་བོ་ངོས་འཛིན་མཚོན་ཐབས་དང་། པར་རིས་རྒྱབ་ལྗོངས་བརྗེ་བསྒྱུར་བྱས་པ་དེས་བོད་ཀྱི་འགྱུར་མེད་དང་འགྱུར་ལྡོག་རང་བཞིན་གླེང་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག་ལ་ལྷག་པར་དུ་གློག་བརྙན་དེ་བརྒྱུད་དེང་རབས་གོ་ལ་གཅིག་འགྱུར་གྱི་ཤུགས་རྐྱེན་འོག་ས་མཐོའི་བོད་དང་བོད་མིའི་སྲོལ་རྒྱུན་དང་། རིག་གཞུང་མངོན་མེད་དུ་འགྱུར་བཞིན་པའི་གནས་སྟངས་ལ་དོ་སྣང་ཡོང་ཐབས་ཀྱི་རེ་བ་ཡོད་ཅེས་གསུངས་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།