བོད་ནང་གི་བོད་མི་ཚོས་བོད་ཀྱི་ཡིག་གཟུགས་དུས་ཆེན་གཞི་རྒྱ་ཆེན་པོས་སྲུང་བརྩི་བྱས་སོང་།

གཙོ་བོ་བོད་མི་སྒེར་དང་ཚོགས་པ་སོགས་ནས་འགན་འཁུར་སྟེ་ཡིག་གཟུགས་དུས་ཆེན་ས་གནས་མང་པོར་སྤེལ་བཞིན་ཡོད་འདུག

བོད་ཀྱི་ཡིག་གཟུགས་ཉིན་མོར་བོད་ནང་གི་བསང་ཆུ་རྫོང་གི་སློབ་གྲྭ་ཞིག་ཏུ་ཡིག་གཟུགས་དུས་ཆེན་སྲུང་བརྩི་གནང་བཞིན་པ། ༢༠༢༤།༠༤།༣༠ Social Media

ལོ་ལྟར་ཕྱི་ཟླ་༤ཚེས་༣༠ཉིན་ནི་བོད་ཀྱི་ཡིག་གཟུགས་དུས་ཆེན་ཞེས་བོད་ཕྱི་ནང་གཉིས་ནས། བོད་ཀྱི་ཡིག་གཟུགས་དུས་ཆེན་ཞེས་སྲུང་བརྩི་གནང་སྲོལ་ཡོད་པ་བཞིན། འདི་ལོ་ཡང་བོད་ནང་གི་ས་ཕྱོགས་གང་སར་བོད་མི་ཚོས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་བསྟུན། ཡིག་གཟུགས་འགྲན་བསྡུར་དང་ཡིག་གཟུགས་འགྲེམས་སྟོན་སོགས་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བཀོད་སྒྲིག་རིགས་མེད་ན་ཡང་། གཙོ་བོ་བོད་མི་སྒེར་དང་ཚོགས་པ་སོགས་ནས་འགན་འཁུར་སྟེ་ཡིག་གཟུགས་དུས་ཆེན་ས་གནས་མང་པོར་སྤེལ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཕྱི་ཟླ་༥ཚེས་༡ཏེ་རྒྱ་ནག་གི་ངལ་སྩོལ་དུས་ཆེན་ལ་ཁེལ་ཡོད་པས་བོད་ནང་དུ་ངལ་སྩོལ་དུས་ཆེན་གྱི་མཛད་སྒོ་སྣ་ཚོགས་འཚོགས་བཞིན་ཡོད་ན་ཡང་། བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡིག་གཟུགས་དང་བསམ་ཚུལ་སྣ་ཚོགས་སྤེལ་ནས་བོད་ཀྱི་ཡིག་གཟུགས་ལ་ཆེ་བསྟོད་དང་། བོད་སྐད་ཡིག་དར་སྤེལ་དགོས་པ་སོགས་སྤེལ་བཞིན་འདུག་ལ། བོད་ཀྱི་ཡིག་གཟུགས་བྲིས་རིས་པ་པདྨ་ཚུལ་ཁྲིམས་ལགས་ཀྱི་པདྨ་གསེར་སྨྱུག་གླིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་གཞི་རྒྱ་ཆེན་པོ་ཞིག་སྤེལ་སོང་། གཞན་ཡང་བོད་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཅིག་ཏུ་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་བྱེད་བཞིན་པ་སོགས་མཐོང་རྒྱུ་འདུག


བོད་ཀྱི་ཡིག་གཟུགས་དུས་ཆེན་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་དང་། དཀར་མཛེས། དར་རྩེ་མདོ། མཚོ་སྔོན་མཚོ་ལྷོ། ཀན་ལྷོ་འམ་མདོ་ལྷོ། མཛོད་དགེ་རྫོང་། རྒྱ་ནག་ཁྲིན་ཏུའུ་སོགས་བོད་ཁམས་ཀྱི་ས་གནས་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་གནང་ཡོད་པ་རེད།


བོད་ཀྱི་ཡིག་གཟུགས་དུས་ཆེན་དེ་བཞིན་ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་༤ནང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་གནང་ཞིང་བོད་ཀྱི་ཡིག་གཟུགས་ཉིན་མོའི་ལས་གཉེར་ཚན་ཆུང་གི་རོགས་འདེགས་འོག བོད་ཁུལ་གྱི་ཡིག་གཟུགས་ཆེད་མཁས་པ་དང་མཁས་དབང་མང་པོ་ལྷན་འཛོམས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དང་འབྲེལ། རྟེན་འབྲེལ་གྱི་རང་བཞིན་ལྟར་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་མཚོན་དོན་གཞིར་བཟུང་ལོ་རེའི་ཕྱི་ཟླ་༤ཚེས་༣༠ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འབེབས་དང་། ལོ་ལྟར་བོད་ཡུལ་ཆོལ་ཁ་གསུམ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།


གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org