ཀརྨ་པའི་བླ་བྲང་ཐོག་ཞིབ་འཇུག་ལ་དོ་ཕོག་མི་ཡོང་བའི་བཀའ་རྒྱ།

ལས་འཆར་ཁག་ཅིག་དགེ་ལས་སྐྱོན་ཆེ་བ་ཡོང་གཞིར་སོང་ལས་འཆར་དེ་རིགས་མཚམས་འཇོག་དགོས་པའི་བཀའ་རྒྱ་གསལ་བསྒྲགས་གནང་བ།

༄༅༎བར་ལམ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་དུ་དད་ལྡན་ཕྱི་ནང་མང་ཚོགས་ནས་ཕུལ་བའི་དངུལ་གང་ཙམ་ཞིག་ཐོན་པའི་ཐད་རྒྱ་གར་གཞུང་ནས་ཞིབ་འཇུག་གནང་བཞིན་ཡོད་པ་དང་འབྲེལ་ གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་སྐོར་གནས་ཚུལ་སྤེལ་སྒྲོག་བྱེད་བཞིན་འི་ གཞི་མེད་སྐྱོན་འཛུགས་ལ་བཙན་བྱོལ་བོད་མི་མང་ཚོགས་ནས་གདུང་སེམས་ཉམས་སྐྱེད་ཀྱི་རྣམ་པར་མར་མེའི་ཁྲོམ་བསྐོར་སོགས་ཀྱི་ལས་འཆར་སྤེལ་བཞིན་པར་ཁ་ས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་མང་ཚོགས་ལ་ལས་འཆར་དེ་རིགས་ཀྱི་དགེ་ལས་སྐྱོན་ཆེ་བ་ཡོང་གཞིར་སོང་ལས་འཆར་དེ་རིགས་མཚམས་འཇོག་དགོས་པའི་བཀའ་རྒྱ་གསལ་བསྒྲགས་གནང་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་བོད་གཞུང་བཀའ་ཤག་གིས་དེ་རིང་བཀའ་རྒྱ་གསལ་བསྒྲགས་ཤིག་གནང་བའི་ནང་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་བཙུགས་པའི་སྐྱོན་འཛུགས་དེ་དག་དཀྲོགས་གཏམ་འབའ་ཞིག་ལས། བདེན་པ་རྩ་བ་ནས་མིན་པར་ངོས་འཛིན་ཞུ་ཡི་ཡོད་ལ་སྐྱོན་འཛུགས་དེ་དག་ལ་བློ་ཕམ་ཚད་མེད་ཡོང་གི་ཡོད་ཀྱང་མང་ཚོགས་ནས་རང་འགུལ་གྱིས་རྒྱབ་སྐྱོར་ཚུལ་དུ་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་མང་དག་སྤེལ་བཞིན་པ་དངསྤེལ་རྒྱུའི་གནས་ཚུལ་ཡོང་གི་ཡོད་ན། ལས་འགུལ་དེ་དག་གིས་ད་ལྟ་འགྲོ་བཞིན་པའི་རྒྱ་གར་གཞུང་གི་ཞིབ་འཇུག་ལ་དོ་ཕོག་འགྲོ་རྒྱུ་དངབླ་བྲང་གི་ཕྲལ་ཕུགས་གཉིས་ཀར་གནོད་གཞི་འབྱུང་སྲིད་པའི་ཉེན་ཁ་ཡོད་པ་དང་། ཡང་ལས་འགུལ་དེ་དག་གིས་ཡུལ་མི་དང་བོད་མིའི་དབར་འཁོན་གཞི་ཆགས་རྒྱུའི་བཟོ་ལྟ་ཐོན་བཞིན་ཡོད་པ་དང་ཕྱོགས་མཚུངས་རྒྱ་ཕྱོགས་ནས་ཀྱང་  ད་ལྟའི་གོ་སྐབས་འདི་བཟུང་སྟེ་ཡུལ་མི་དང་བོད་མིའི་དབར་དང་རྒྱ་གར་གཞུང་དང་བཙན་བྱོལ་སྒྲིག་འཛུགས་དབར་ དེ་བཞིན་བོད་གཞུང་མང་དབར་འགལ་ཟླ་བཟོ་བའི་གོ་སྐབས་ལེན་སྲིད་པས་མང་ཚོགས་ནས་གནད་དོན་དེ་དག་ལ་བསམ་ཤེས་གཟབ་ནན་གྱིས་ལས་འགུལ་དེ་རིགས་སྤེལ་རྒྱུ་མེད་པའི་བཀའ་ཕེབས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org