བོད་མིའི་གྲོང་གསེབ་ལས་འཆར་ཚོགས་པས་དྲ་རྒྱ་ཞིག་དབུ་འབྱེད།
བོད་མིའི་གྲོང་གསེབ་ལས་འཆར་ཞེས་པའི་ཚོགས་པ་ནས་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎
-
2012-05-03 -
-
-
༄༅༎བོད་ནང་རྒྱུན་གནས་ཐུབ་པའི་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་ཕྱོགས་ཐད་ Tibetan Village Project འམ་བོད་མིའི་གྲོང་གསེབ་ལས་འཆར་ཞེས་པའི་ཚོགས་པ་ནས་ དྲ་རྒྱ་གསར་པ་ཞིག་དབུ་འབྱེད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎
Tibetan Village Project འམ་བོད་མིའི་གྲོང་གསེབ་ལས་འཆར་ཞེས་པ་དེ་ཨ་རིའི་ཀོ་ལོ་རེ་ཌོ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་འདུག་པ་དང་ ཚོགས་པ་དེས་ བོད་ཀྱི་ས་ཁུལ་ཁག་ནང་ ཤེས་ཡོན་དང་འཕྲོད་བསྟེན་ སྤྱི་ཚོགས་ཡར་རྒྱས་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་མཐུན་པའི་ཡུལ་སྐོར་སྤྲོ་འཆམ་ལ་སོགས་པའི་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གཞི་སྣེ་མང་སྤེལ་དང་སྤེལ་མུས་ཡིན་པ་རེད་ ཁ་ས་ཚོགས་པ་དེའི་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་བྱས་འདུག་ལ་ དྲ་རྒྱ་དེའི་ཐོག་ བོད་མིའི་གྲོང་གསེབ་ལས་འཆར་ཚོགས་པས་ བོད་ནང་སྔ་རྗེས་འཛུགས་བསྐྲུན་ཡར་རྒྱས་དང་འབྲེལ་བའི་ལས་དོན་སྐོར་དང་ མ་འོངས་ལས་འཆར་བཅས་ངོ་སྤྲོད་བྱས་པ་དང་ཆབས་ཅིག་ཕྱི་ཕྱོགས་ནས་ བོད་ནང་རོགས་དངུལ་གྱི་ཞལ་འདེབས་འབུལ་མཁན་དང་ ཡང་ན་ དང་བླངས་ཞབས་ཞུ་གནང་ཡོད་པ་རིགས་ལ་དགོས་ངེས་ཅན་གྱི་གནས་ཚུལ་གོ་རྟོགས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་དེ་ དྲ་རྒྱའི་དམིགས་ཡུལ་བཟུང་ཡོད་པར་འགྲེལ་བརྗོད་གནང་འདུག དྲ་རྒྱ་གསར་བཟོ་གནང་མཁན་ཌེན་པེན་ཛ་རེ་ལ་ཞུ་བས་གསུངས་ན་ བོད་མིའི་གྲོང་གསེབ་ལས་འཆར་ཚོགས་པའི་དྲ་རྒྱ་གསར་བཟོ་བྱས་པའི་མཐའ་མའི་དམིགས་ཡུལ་དེ་བཞིན་ དྲ་རྒྱ་དེའི་ཐོག་བོད་ནང་གི་གནས་སྟངས་དང་ལྷག་པར་དུ་དགོས་ངེས་ཅན་གྱི་རོགས་སྐྱོབ་ཀྱི་ལས་དོན་ཁག་དྲ་རྒྱའི་ནང་ལྦི་ཌི་ཡོ་བརྙན་པར་བརྒྱུད་གསན་གཟིགས་ཐུབ་པ་ཙམ་མ་ཟད་ ལས་གཞི་ལག་བསྟར་བྱ་ཡུལ་ས་གནས་ཀྱི་ཡུལ་མི་ཚོའི་བསམ་ཚུལ་དང་ རོགས་སྐྱོབ་ཀྱི་ལས་གཞིའི་ཕན་རླབས་བཅས་ཀྱི་སྐོར་ས་གནས་ས་ཐོག་གི་མྱོང་ཚོར་རྣམས་ དྲ་རྒྱའི་སྟེང་ཡིག་ཐོག་ནས་ལྟ་ཀློག་ཐུབ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་པར་གསལ་འདོན་གནང་བཞག བོད་མིའི་གྲོང་གསེབ་ལས་འཆར་ཚོགས་པའི་འགན་འཛིན་རྟ་མགྲིན་དབང་འདུས་ལགས་ཀྱིས་གསུངས་ན་ འདས་པའི་ལོ་ངོ་བཅུ་ཙམ་རིང་ ཁོང་གི་ཚོགས་པ་དེའི་བརྒྱུད་ཕྱི་ཕྱོགས་ནས་སྒེར་དང་ཚོགས་པ་ཁག་༢༠༠༠ལྷག་གི་བོད་ནང་རོགས་དངུལ་གྱི་ཞལ་འདེབས་མཐུན་འགྱུར་བྱུང་ཡོད་ལ་ རོགས་དངུལ་དེ་དག་གིས་བོད་ནང་བོད་མི་གྲངས་༢༠༠༠༠ལྷག་ལ་ཐད་ཀར་ཁེ་ཕན་བྱུང་ལུགས་འགྲེལ་བརྗོད་བྱས་འདུག་༎