སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཉན་ཞིབ་གནང་འདུག
སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཐོག་གྱི་གནས་སྟངས་སྐོར་ལ་ཉན་ཞིབ་ཚོགས་འདུ་ཚོགས་ཡོད་པ་རེད།
- 2022-09-20
-
-
-
Your browser doesn’t support HTML5 audio
སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཐོག་གྱི་གནས་སྟངས་སྐོར་ལ་ཉན་ཞིབ་ཚོགས་འདུ་ཚོགས་ཡོད་པ་རེད།
དེ་ཡང་སྤྱི་ཚེས་༡༩ཉིན་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་(Nicolas Walder)་མཆོག་གི་དབུས་པའི་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྔ་ལྷན་ཞུགས་ཐོག རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཐོག་དམ་དྲག་བསུན་གཙེར་བྱེད་བཞིན་པའི་གནས་སྟངས་སྐོར་ལ་ཉན་ཞིབ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། གངས་ཅན་ལྗོངས་སུ་རིག་གཞུང་ཐོག་དྲག་གནོན་བྱས་པའི་སྐོར་གྱི་(Whispers from the Land of Snows: Culture-based Violence in Tibet)་དཔེ་དེབ་རྩོམ་པ་པོ་(Fanny Iona Morel)་རྣམ་གཉིས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་ཁྱོན་ཡོངས་ནས་དྲག་གནོན་དང་། དེ་བཞིན་རྒྱལ་མཚམས་བརྒལ་ཏེ་བཙན་བྱོལ་བོད་མི་ཚོར་ཡང་བསུན་གཙེར་དམ་དྲག་བྱེད་བཞིན་པའི་སྐོར་གྱི་གནས་སྟངས་འགྲེལ་བརྗོད་གནང་ཡོད་པ་རེད། སྐབས་དེར་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་(Thomas Büchli)་དང་ཚོགས་གཞོན་ལྷ་དབང་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།
རྩོམ་པ་པོ་(Fanny Iona Morel)་ཡིས། དེ་སྔ་ཁོང་བོད་དུ་བསྐྱོད་པའི་སྐབས་ཀྱི་དངོས་མྱོང་གནས་ཚུལ་ངོ་སྤྲོད་གནང་བའི་ནང་དུ། ལྷ་སའི་སྲང་ལམ་ཀུན་དུ་སོ་ལྟའི་བརྙན་མིག་བཙུགས་པའི་ཐོག དྲག་ཆས་སྤྲས་པའི་དམག་མི་མང་པོ་དུས་རྟག་ཏུ་ཕར་ཚུར་འགྲོ་འོང་བྱས་ནས་ལྷ་སའི་མི་མང་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་དྲག་གནོན་བྱེད་བཞིན་པ་མ་ཟད། རྩོམ་པ་པོ་ཁོང་ལ་ཡང་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་རྗེས་འདེད་བྱས་པ་དང་སྡིགས་ར་སྐུལ་བའི་གནས་སྟངས་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་རང་གི་ཁེ་ཕན་ལ་དམིགས་ཏེ་ཁྲིམས་དང་སྒྲིག་གཞི་གཏན་འབེབས་བྱེད་བཞིན་པ་སོགས་འགྲེལ་བརྗོད་གནང་འདུག
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་རྣམས་ཀྱིས་མུ་མཐུད་དཀའ་སྡུག་མྱོང་བཞིན་ཡོད་པ་དང་། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་མཉམ་འབྲེལ་གྱིས་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རང་དབང་གི་སྒོ་ནས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་རོགས་ཞེས་རེ་སྐུལ་ཞུས་པར། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུང་ཡོད་པ་སོགས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།