པར་རིས་ཀྱི་ལམ་ནས་བོད་དང་བོད་དོན་ངོ་སྤྲོད་གནང་བ།

པར་གྱི་འགྲེམས་སྟོན་དེ་མཐོང་བས་བོད་མི་ཚོས་འཛམ་གླིང་གི་མདུན་དུ་ཞི་བདེ་དང་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་པ་མངོན་འདུག

དེ་ཡང་རྒྱ་གར་གྱི་ནུབ་Gujratམངའ་སྡེའི་ནང་གི་མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པའི་བོད་པའི་སློབ་མ་ཚོས། བོད་ནང་གི་གནས་སྟངས་དང་བོད་མི་ཚོའི་སྐོར་སློབ་གྲྭའི་སློབ་མ་ཚོར་ངོ་སྤྲོད་ཡོང་ཐབས་ཀྱི་ཆེད་དུ་པར་གྱི་འགྲེམས་སྟོན་བྱས་ཡོད་པ་དང་། པར་གྱི་འགྲེམས་སྟོན་དེའི་ནང་རིམ་པ་ཁག་མི་འདྲ་བ་གསུམ་ཡོད་པ་དང། རིམ་པ་དང་པོ་དེ་ནི། རྒྱ་གར་དང་བོད་ཀྱི་འབྲེལ་བའི་སྐོར་ཡིན་ཞིང། འགྲེམས་སྟོན་རིམ་པ་གཉིས་པ་དེ། ༢༠༠༨ནས་བཟུང་བོད་ནང་དུ་རང་ལུས་མེ་བསྲེག་བཏང་མཁན་ཚོའི་སྐོར་དང། རིམ་པ་གསུམ་པ་དེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དུས་རྟག་ཏུ་འབད་བརྩོན་གནང་བཞིན་པའི་འཛམ་གླིང་ནང་འཚེ་མེད་ཞི་བདེ་དང་ཆོས་ལུགས་འཆམ་མཐུན་བསྐྲུན་ཐབས་ཀྱི་དགོངས་གཞི་ཁག་ཡིན་པ་རེད། བོད་པའི་སློབ་ཕྲུག་ཚོས། པར་གྱི་འགྲེམས་སྟོན་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་གར་སློབ་ཕྲུག་ཚོར་དེ་སྔ་དུས་རབས་༧པ་ནས་བོད་དང་རྒྱ་གར་གཉིས་འབྲེལ་ལམ་དེ། དུས་ཚོད་རིང་པོ་དེའི་ནང་འཕེལ་རིམ་ཇི་ལྟར་བྱུང་བའི་ལོ་རྒྱུས་ཤེས་རྟོགས་ཡོང་ཐབས་དང། ལྷག་དོན་བོད་ཀྱི་གནད་དོན་དང། བོད་མི་རིགས་ཀྱི་རིག་གཞུང། བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ཡིས་བོད་ནང་དུ་ཛ་དྲག་གི་གནས་སྟངས་ཇི་འདྲ་ཆགས་ཡོད་མེད་སྐོར་སོགས་ངོ་སྤྲོད་བྱ་རྒྱུའི་ཆེད་དུ་ཡིན་པ་གསུངས་ཡོད་པ་རེད། ད་དུང་པར་གྱི་འགྲེམས་སྟོན་དེའི་ཐོག་ཡོང་བའི་སློབ་མ་Uday Bhattཞུ་མཁན་ཞིག་གིས། པར་གྱི་འགྲེམས་སྟོན་དེའི་ཐོག་ནས། བོད་མི་ཚོས་འཛམ་གླིང་གི་མདུན་དུ་ཞི་བདེ་དང་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་པ་མངོན་ཞིང། འགྲེམས་སྟོན་དེའི་ནང་ནས་ཁོང་གིས། ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་དང་རྒྱ་གར་གྱི་འབྲེལ་ལམ་སྐོར་ཤེས་རྟོགས་ཐུབ་པ་བྱུང་བའི་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org