བོད་ནས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་ཚོར་རྒྱ་གཞུང་ནས་དམ་དྲག་བྱེད་བཞིན་པ།

ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོ་དང་འབྲེལ་བ་བཙུགས་སྟེ་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་བ་ཡིན་ཚེ། དེ་འབྲེལ་ཉེས་ཆད་གཏོང་རྒྱུ་ཡིན་པའི་སྐོར་ཉེན་བརྡ་བཏང་འདུག

བོད་ནས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་ཚོར་རྒྱ་གཞུང་ནས་དམ་དྲག་བྱེད་བཞིན་པ། རོཡ་ཊརས།

ཉེ་ལམ་བོད་མདོ་ཁམས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་ཁྱབ་ཁོངས་སུ་དྲ་ལམ་བརྒྱུད་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་འབྲེལ་བ་བྱེད་མཁན་བོད་མི་ཚོར་རྒྱ་ནག་གཞུང་གིས་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་པའི་ཁར། ཕྱི་རྒྱལ་ཁག་ཏུ་འབྲེལ་བ་བྱས་ཏེ་ཆབ་སྲིད་ཀྱི་ཉེས་མིང་འོག་དེ་སྔ་བཀག་ཉར་བྱས་པའི་བོད་མི་དེ་དག་སླར་ཡང་མཛོ་སྒང་རྫོང་ས་གནས་གཞུང་གིས་ཚོགས་འདུར་བསྐོང་སྟེ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོ་དང་འབྲེལ་བ་བཙུགས་སྟེ་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་བ་ཡིན་ཚེ། དེ་འབྲེལ་ཉེས་ཆད་གཏོང་རྒྱུ་ཡིན་པའི་སྐོར་ཉེན་བརྡ་བཏང་འདུག་ཅེས་མཛོ་སྒང་ནས་ཡིན་པའི་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་ངོ་སྤྲོད་གནང་ཡོད།

ཡང་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་གནས་སྡོད་ཚ་བ་མཛོ་སྒང་ནས་ཡིན་པའི་མིང་འབོད་གནང་འདོད་མེད་པའི་བོད་ཞིག་གིས། དེང་སྐབས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་པས་མཛོ་སྒང་རྫོང་ཁུལ་དུ་བོད་མི་ཚོའི་སྐད་འཕྲིན་དང་ཁ་པར་སོགས་གློ་བུར་སྔོག་བཤེར་བྱེད་ཀྱི་ཡོད་པ་སོགས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་དང་། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་ཚོར་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་འདུག་ལ། ཕ་ཡུལ་དུ་འབྲེལ་བ་བྱ་རྒྱུ་ཧ་ཅང་གི་ཁག་པོ་ཆགས་འདུག་པ་མ་ཟད། སྤུན་ཉེ་ལྷན་དུ་ཐ་མའི་འབྲེལ་བ་དེ་འདི་ལོའི་སྤྱི་ཟླ་༡༡ འགོ་སྟོད་དུ་བྱུང་ཡང་། སྐབས་དེར་ཕ་མ་སྤུན་ཉེ་ཚོས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་པར་ཧ་ཅང་གི་ཁག་པོ་དང་། དེར་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་ཞེས་འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་ཡོད།

ཡང་ཉེ་ལམ་རྒྱ་ནག་གཞུང་གི་བོད་ལྗོངས་མཉམ་སྦྲེལ་དྲ་རྒྱའི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་ཁང་ཟེར་བའི་བསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་གྱི་དྲ་རྒྱའི་ཚོགས་པ་ཁག་ནང་ཞུགས་པ་དང་། VPN དྲ་གནས་མ་ལག་སོགས་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་རིགས་སྤེལ་མཁན་ཚོར་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པར་བསྒྲགས་འདུག

གཞན་ཡང་འདས་ལོ་༢༠༡༩ལོའི་སྤྱི་ཟླ་༡༢ཀྱི་ཟླ་མཇུག་ཏུ་ཆབ་མདོ་ས་ཁུལ་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཤང་གི་ཕ་རྒན་ལོ་ན་༧༥ཡིན་པ། འཇམ་དཔལ་རྡོ་རྗེ་ལ་ཁ་པར་བརྒྱུད་༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུས་བའི་དོགས་གཞི་དང་། རྒྱ་གར་དུ་ཡོད་པའི་རང་ཉིད་ཀྱི་བུ་མོ་དང་འབྲེལ་བ་བྱས་བའི་རྒྱུ་མཚན་གྱིས་ཁོང་དང་ཁོང་གི་བུ་ཚེ་དབང་འགྱུར་མེད་གཉིས་མཛོ་སྒང་རྫོང་གི་རྒྱ་ནག་གི་ཉེན་རྟོག་པས་བཀག་ཉར་འདྲི་རྩད་བྱས་ཡོད་པ་སོགས་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་ཡང་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་ལས་འགུལ་སྤེལ་མཁན་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་འབྲེལ་བ་བྱེད་མཁན་ཚོར་ཆབ་སྲིད་ཀྱི་ཉེས་མིང་འོག་བཀག་ཉར་དང་བཙོན་འཇུག་བྱས་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་མ་ཟད། བོད་ཕྱིའི་ཕྱོགས་སུ་འབྲེལ་བ་བྱ་ཡུལ་སྤྱི་ཚོགས་བརྒྱུད་ལམ་ཡོངས་ལ་དམ་བསྒྲགས་ནན་པོ་བྱས་དང་བྱེད་མུས་ཡིན་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org