བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐོག་མང་མོས་ཀྱིས་གཏན་འབེབས་བྱུང་བར་སྲིད་སྐྱོང་གིས་དགའ་བསུ་ཞུས་པ།

ལྷག་པར་དུ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་ལོ་རྒྱུས་ཐོག་བོད་ཀྱི་བདག་དབང་ཡོད་པ་བཤད་པར་མཐའ་གཅིག་ཏུ་དགག་པ་བྱེད་མཁན་ཚོར་ནུས་ཤུགས་འཕར་མ་ཞིག་སྤྲད་ཡོད་པ་གསུངས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ནང་བསྐྱར་དུ་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐད་བགྲོ་གླེང་གིས་གཏན་འབེབས་གནང་སྐབས། ༢༠༢༤།༠༦།༡༢ house.gov

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐོག་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་བྱུང་བར། འདི་ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དགའ་བསུའི་འཚམས་འདྲིའི་གསུང་འཕྲིན་ཞིག་ཁོང་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཐོག་སྤེལ་གནང་བའི་ནང་། སྲིད་སྐྱོང་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཁྲིམས་འཆར་གཏན་འབེབ་བྱུང་བར་སེམས་གཏིང་ནས་དགའ་ཚོར་དང་། ཁྲིམས་འཆར་དེས་བོད་མི་ཚོས་འདས་པའི་ལོ་ངོ་ ༧༠ རིང་འཚེ་བ་མེད་པའི་ཞི་རྒོལ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་ལོ་རྒྱུས་ཐོག་བོད་ཀྱི་བདག་དབང་ཡོད་པ་བཤད་པར་མཐའ་གཅིག་ཏུ་དགག་པ་བྱེད་མཁན་ཚོར་ནུས་ཤུགས་འཕར་མ་ཞིག་སྤྲད་ཡོད་པ་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས་མུ་མཐུད་། བོད་དོན་ཁྲིམས་འཆར་གཏན་འབེབ་བྱུང་བར། ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཟུར་བ་ལྕམ་སྐུ་ནན་སིན་པོ་ལོ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul མཆོག གྲོས་ཚོགས་འཐུས་མི་ Jim McGovern མཆོག གྲོས་ཚོགས་འཐུས་མི་ Jeff Merkley མཆོག གྲོས་ཚོགས་འཐུས་མི་ Todd Young མཆོག་བཅས་ཀྱིས་འགོ་ཁྲིད་པའི་ང་ཚོའི་ཡུན་རིང་གི་གྲོགས་པོ་ཚོའི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་མང་མོས་ཀྱིས་གྲོས་འཆར་དེ་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུ་ཞེས་གསུངས་འདུག 

ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ཚེས་ ༡༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར། འདི་ཚེས་ ༡༣ ཉིན་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Liu Peng Yu ལགས་ཀྱིས། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་འཁྲུལ་མེད་ཅིག་ཡིན་སྟབས། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དང་སྟོབས་ཤུགས་གང་གིས་ཀྱང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་དབང་མེད་པ་རེད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དེ་ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་བཙན་བྱོལ་དུ་ཕྱིན་ཡང་། ཆོས་ལུགས་པ་ཡིན་པའི་ཟོལ་གྱིས་བོད་རྒྱ་ནག་ཁ་བྲལ་གཏོང་ཐབས་ཀྱི་དམིགས་ཡུལ་བཅངས་ཏེ་ལས་འགུལ་ཡུན་རིང་སྤེལ་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏཱ་ལའི་ཁ་བྲལ་ཕྱོགས་ཁག་གི་རང་བཞིན་དངོས་སུ་མཐོང་ཐུབ་པའི་བརྒྱུད། རྒྱ་ནག་གི་ལངས་ཕྱོགས་དང་གཞི་རྩའི་འདོད་མོས་ལ་གུས་བརྩི་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་དང་།ང་ཚོས་ཨ་རིའི་ཕྱོགས་ནས་བོད་དང་འབྲེལ་བའི་གནད་དོན་བེད་སྤྱད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དང་།  བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་གནོད་སྐྱོན་གཏོང་བའི་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། དེ་བཞིན་ཨ་རིས་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོར་སྡིངས་ཆ་སྤྲད་དེ་རྒྱ་ནག་ལ་རྒོལ་བའི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་མི་ཡོང་བ་བྱ་རྒྱུ་དང་། གལ་ཏེ་དགོས་མཁོ་བྱུང་ཚེ་རྒྱ་ནག་ཕྱོགས་ནས་རང་གི་ཁེ་ཕན་སྲུང་སྐྱོབ་ཆེད་ཐབས་ལམ་གང་ཡོད་ལག་བསྟར་བྱ་རྒྱུ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་། 

སྒྲིག་བཟོ་མཁན། ནོར་བུ་སྒྲོལ་མ། /RFA

ཨ་མ་རི་ཀའི་གྲོས་ཚོགས་འོག་མའི་ནང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐད་བསྐྱར་དུ་བགྲོ་གླེང་གནང་ཞིང་།  ཚེས་ ༡༢ ཞོགས་པ་གཏན་འབེབས་ཆེད་འོས་ཤོག་བླུགས་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ ༣༩༡ ཀྱིས་རྒྱབ་སྐྱོར་གནང་བ་དང་། འཐུས་མི་གྲངས་ ༢༦ གིས་དགག་བྱ་གནང་བ། འཐུས་མི་ ༡༤ ཡིས་འོས་མ་བླུགས་པ་བཅས་འོས་ཤོག་གི་གྲུབ་འབྲས་སུ་བོད་དོན་སེལ་བའི་ཁྲིམས་འཆར་དེར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པའི་ཐོག་ནས་གཏན་འབེབས་བྱུང་འདུག་ལ། ད་ཆ་བོད་དོན་ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་འཇཱོ་བྷཡེཌན་ (Joe Biden) མཆོག་གིས་མཚན་རྟགས་སྐྱོན་རྒྱུ་ལས་ལྷག་མེད་པ་དང་། མཚན་རྟགས་སྐྱོན་རྗེས་ཨ་རིས་ལག་བསྟར་བྱེད་དགོས་པའི་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཡེ་ཤེས་ཟླ་བ། བསྟན་འཛིན་པདྨ། 
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org