བོད་ནང་བོད་མི་ནང་འཁྲུག་མི་བྱེད་རྒྱུའི་དམ་བཅའ།
༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་ལྷག་པར་བོད་མི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཚོའི་ཞལ་ཆེམས་འབོད་སྒྲ་སོགས་ལ་བརྟེན་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱ་རྒྱུའི་དམ་བཅའ་འཇོག་གི་ཡོད་འདུག
-
2013-01-16 -
-
-
དེ་ཡང་གནས་ཚུལ་ལྟར། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་བ་དང་། ལྷག་པར་དུ་གཞིས་ལུས་བོད་མིས་སྐུ་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་འགོ་བཙུགས་ཏེ། ཁོང་རྣམ་པས་བོད་རིགས་ཆིལ་སྒྲིལ་དགོས་པའི་ཞལ་ཆེམས་བཞག་པ་ནས་བཟུང་། བོད་མདོ་ཁམས་ཁུལ་དུ་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱ་རྒྱུའི་ཁས་ལེན་དམ་བཅའ་འཇོག་བཞིན་ཡོད་པ་དང་། དེང་སྐབས་མདོ་ཁམས་མི་ཉག་ནགས་ཕྲན་སྡེ་པའི་ནང་དུ་ཡང་རབ་སྒང་དགོན་པའི་སྣེ་ཁྲིད་འོག་ནགས་ཕྲན་སྡེ་པའི་སྐྱེས་པ་རང་ལོ་ ༡༥ ཡན་དང་ ༦༠ མན་གྱི་བོད་མི་ཚོས་
ནང་ཁུལ་འཁྲུག་འཛིང་མི་བྱེད་རྒྱུའི་དམ་བཅའ་བཞག་བཞིན་ཡོད་པ་རེད།
དགོན་པའི་འབྲེལ་ཡོད་དགེ་འདུན་པ་རེ་རེས་མི་སྐྱ་བཅུ་རེར་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱ་རྒྱུའི་ཁས་ལེན་དམ་བཅའ་འཇོག་རྒྱུའི་སློབ་གསོའི་འགན་ཁུར་བཞེས་ནས། ད་བར་སྐྱེས་པ་མི་གྲངས་ ༤༠༠ ལྷག་གིས་ནང་ཁུལ་འཁྲུག་རྩོད་མི་བྱ་རྒྱུའི་དམ་བཅའ་བཞག་ཟིན་པ་དང༌། དགོན་པའི་ལས་སྣེ་རྣམ་པས་དམ་བཅའ་བཞག་མཁན་ཚོའི་མིང་ཐོ་པར་ལེན་གནང་བ་དང་འབྲེལ། ཁོང་ཚོར་བསྔགས་བརྗོད་གནང་ཡོད་པའི་སྐོར་བང་ཆེན་གྱིས་བསྒྲགས་འདུག