བོད་ཀྱི་འགྲེམས་སྟོན་ཁང་གསར་པ་ཞིག་དབུ་འབྱེད་གནང་རྒྱུ།

ཕྱི་ཚེས་ ༢༧ ཉིན་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། བོད་རང་བཙན་ཡིན་པའི་སྐབས་ཀྱི་དམག་ཆས་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དེ་བཞིན་སྤྱི་ཟླ་༡ པོའི་སྤྱི་ཚེས་༢༧ ཉིན་དངོས་སུ་དབུ་འབྱེད་གནང་རྒྱུ་ཡིན་འདུག་ཅིང་། འགྲེམས་སྟོན་ཁང་དེ་ཉིད་ཀྱི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འགྲེམས་སྟོན་ཁང་དེ་ཚན་པ་བཅུ་ལ་དབྱེས་ཡོད་པ་ནང་ནས་ཅག་དངོས་གལ་ཆེ་ཤོས་ཤིག་ནི་དེ་སྔ་བོད་རང་བཙན་ཡིན་པའི་སྐབས་ཀྱི་དམག་ཆས་ཤིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

འགྲེམས་སྟོན་ཁང་དེའི་ནང་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་སྤྲོད་དང་། དུས་ཡུན་རིང་པོའི་བྱུང་རབས་ལོ་རྒྱུས། བཙན་བྱོལ་གནས་སྐབས་ཀྱི་མྱོང་ཚོར་གསལ་བསྟོན་བྱེད་རྒྱུ་ཙམ་མ་ཟད། བོད་ནང་བོད་མི་ས་ཡ་མང་པོར་ད་ལྟའང་སྨྲ་བརྗོད་རང་དབང་མེད་པའི་ཁར། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཀྱི་དཀའ་སྡུག་སོགས་གསལ་བསྟོན་བྱེད་ཡོད་པ་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་བ་དང་།

 བཞུགས་སྒར་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་གཞི་དེ་སྤྱི་ལོ་༢༠༡༧ ལོའི་འགོ་སྟོད་ནས་འགོ་བཙུགས་གནང་བ་ཞིག་ཡིན་འདུག་པ་དང་། དེའི་རྒྱ་ཁྱོན་ལ་ཕྷི་ཌི་གྲུ་བཞི་མ་༩༠༠༠ ཙམ་ཡོད་པ་དང་། ལྷག་པར་འགྲེམས་སྟོན་ཁང་དེར་དིང་རབས་ཀྱི་འགྲེམས་སྟོན་ཁང་དང་མཚུངས་པའི་དམིགས་བསལ་ཁྱད་ཆོས་ལྡན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཡིག་ཆ་དང་དངོས་པོ་རག་པ། པར་རིས། རང་ངོས་ཀྱི་མྱོང་ཚོར་དཔང་རྟགས་ཚིག་ཐོག་སོགས་ཀྱི་ལམ་ནས་བོད་རྒྱལ་ཁབ་ཀྱི་དངོས་ཡོད་ལོ་རྒྱུས་དང་སྤྱི་ཚོགས་གནས་སྟངས། དེ་བཞིན་བཙན་བྱོལ་བོད་མི་རྣམས་རང་ཡུལ་དང་བྲལ་དགོས་པའི་རྒྱུ་རྐྱེན་སོགས་རྒྱ་གར་བ་ཙམ་མིན་པར་ཕྱི་རྒྱལ་མི་རིགས་ལ་ངོ་སྤྲོད་ཞུ་རྒྱུ་དེ་ཡིན་པ་རེད།

 བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དེ་ནི་བོད་མིའི་སྒྲིག་འཛུགས་ལ་བློན་ཆེན་ལས་ཁུངས་བདུན་ཡོད་པའི་ནང་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཚུད་ཀྱི་ཡོད་པ་དང་་། འགྲེམས་སྟོན་ཁང་དེའི་ཆེད་དུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཅག་དངོས་ཁག་༨༠༠ཙམ་མཁོ་སྒྲུབ་ཞུས་ཐུབ་པ་བྱུང་ཡོད་པ་དེའི་ནང་ནས་ཅག་དངོས་གལ་ཆེ་༡༨༠་ཙམ་ཐོག་མར་སྒྲིག་གཤོམ་གནང་གི་ཡོད་འདུག

གཞན་ཡང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཆགས་པའི་བོད་ཀྱི་འགྲེམས་སྟོན་ཁང་རྙིང་པ་དེའི་ས་ཆའི་བདག་དབང་བོད་མིའི་སྒྲིག་འཛུགས་ལ་མེད་པའི་རྐྱེན་གྱིས་འདི་ཚེས་༢༧ ཉིན་སྒོ་བརྒྱབ་རྒྱུ་ཡིན་འདུག་ཅིང་། དེ་སྔོན་ཡིན་ན་འགྲེམས་སྟོན་ཁང་དེར་ལོ་གཅིག་གི་ནང་གཟིགས་སྐོར་བ་སྟོང་ཕྲག་༨༠ ཙམ་ཕེབས་ཀྱི་ཡོད་ཀྱང་། ད་ལྟའི་འགྲེམས་སྟོན་ཁང་གསར་པ་དེ་ས་ཆའི་བབས་དང་ནད་ཡམས་སོགས་ཀྱི་དབང་གིས་་ལོ་གཅིག་ནང་གཟིགས་སྐོར་བ་མང་པོ་དེ་འདྲ་ཕེབས་རྒྱུ་ཁག་པོ་ཆགས་ཡོད་པ་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱི་འགྲེལ་བརྗོད་གནང་བྱུང་། 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org