བོད་ཀྱི་འགྲེམས་སྟོན་ཁང་གིས་དྲྭ་ཐོག་གནས་མཇལ་ཞེས་པའི་ལས་གཞི་གསར་པ་ཞིག་འགོ་འཛུགས་གནང་སོང་།
བོད་ཀྱི་འགྲེམས་སྟོན་ཁང་གིས་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་དྲྭ་ལམ་བརྒྱུད་ནས་གནས་མཇལ་ཐུབ་པའི་དྲྭ་ཐོག་གནས་མཇལ་ཞེས་པའི་ལས་གཞི་གསར་པ་ཞིག་འགོ་འཛུགས་གནང་སོང་།
- 2022-12-07
-
-
-
Your browser doesn’t support HTML5 audio
དེ་སྔ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། ད་བར་བོད་ཀྱི་དགོན་སྡེ་ཁག་༦༠༠༠ལྷག་གཏོར་བཤིག་བཏང་ཡོད་པ་དང་། བཙན་བྱོལ་ནང་བོད་མི་ཚོས་བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་སླད་དགོན་པ་མང་དག་ཅིག་གསར་བཞེངས་གནང་ཡོད་པ་དེ་དག་རྒྱ་ཆེའི་མང་ཚོགས་ལ་དྲ་ལམ་བརྒྱུད་གནས་མཇལ་དང་ངོ་སྤྲོད་ཡོང་ཆེད། བཞུགས་སྒར་དུ་ཆགས་པའི་བོད་ཀྱི་འགྲེམས་སྟོན་ཁང་གིས་དྲ་ཐོག་གནས་མཇལ་ཞེས་པའི་ལས་གཞི་གསར་པ་ཞིག་སྤྱི་ཟླ་༡༢བའི་ཚེས་༧དང་བོད་ཟླ་༡༠པའི་ཚེས་༡༥ཉིན་དང་སྟབས་བསྟུན་དངོས་སུ་འགོ་འཛུགས་གནང་ཡོད་པ་འགྲེམས་སྟོན་ཁང་དེ་ཉིད་ཀྱི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་ལས་གཞི་དབུ་འབྱེད་ཉིན་མོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དགོན་སྡེ་ཁག་༢༨༨ཙམ་ཡོད་པ་དང་། ད་རེས་འགྲེམས་སྟོན་ཁང་གི་ལས་གཞི་འདི་ནི་དྲྭ་རྒྱའི་དུས་རབས་དང་མཐུན་པ་ཞིག་ཡིན་ཅིང་། ལྷག་པར་གནས་མཇལ་དུ་དངོས་སུ་ཕེབས་མི་ཐུབ་མཁན་ཚོར་ཕན་ཐོགས་ཡོང་ངེས་ཡིན་པ་འགྲེལ་བརྗོད་གནང་འདུག
བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནི། ལས་གཞི་དེའི་ནང་ཆེས་ཐོག་མའི་ངོ་སྤྲོད་ཞུ་རྒྱུའི་གནས་ཆེ་ཡིན་ཞིང་། དེ་ཡང་གཙུག་ལག་ཁང་གི་སྒོ་ཆེན་ནས་འགོ་འཛུགས་ཀྱིས་ནང་གི་སྐུ་བརྙན་དང་གསུང་འབུམ། བཟོ་བཀོད་ཆ་ཚང་བརྙན་པར་དང་འགྲེལ་བརྗོད་ཀྱི་ལམ་ནས་ངོ་སྤྲོད་གནང་གི་ཡོད་འདུག
སྤྱིར་བཏང་གནས་རྩ་ཆེན་ཁག་ལ་ཕྱག་མཆོད་འབུལ་སོགས་བྱས་ན་བསོད་ནམས་ཀྱི་ཚོགས་རླབས་ཆེན་ཐོབ་ཚུལ་ནང་པའི་གཞུང་ལུགས་ནང་གསུངས་ཡོད་པ་མ་ཟད། གནས་ཆེན་ཞིག་ལ་སྡིག་པ་བྱས་ན་སྡིག་པ་ཆེ་བ་ཡོང་གི་ཡོད་པ་དང་། གནས་དེར་དགེ་བ་བྱས་ན་དགེ་བའི་བྱིན་རླབས་ཆེ་བ་ཡོད་པ་གསུངས་ཡོད།
གཞན་ཡང་གནས་མཇལ་འདིར་མཉམ་ཞུགས་གནང་འདོད་ཡོད་ན། བོད་ཀྱི་འགྲེམས་སྟོན་ཁང་གི་དྲ་ཚིགས་སྟེང་ཆ་ཚང་གསན་གཟིགས་ཐུབ་ཀྱི་ཡོད་པ་དང་། དེ་ཡང་ཟླ་རེའི་ཚེས་པ་བཅུ་ལྔའི་མཚམས་སུ་གནས་ཆེན་རེ་ངོ་སྤྲོད་གནང་གི་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།