བོད་སོག་གཉིས་ཀྱི་འབྲེལ་བ་རྒྱང་ཐག་ཇེ་རིང་དུ་མི་འགྲོ་བའི་ཆེད། བོད་སོག་འབྲེལ་ལམ་ཚོགས་འདུ་འཚོགས་པ།

བོད་དོན་འཐབ་རྩོད་དང་བོད་ཀྱི་ཆོས་དང་རིག་གཞུང་གནས་མ་གནས་དེ། སོག་ཡུལ་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་གིས་ཁྱབ་ས་ཆ་ཚང་ལ་ཧ་ཅང་གལ་ཆེན་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བོད་སོག་འབྲེལ་ལམ་ཚོགས་འདུ་དབུ་འབྱེད་སྐབས། ༢༠༢༤།༠༤།༠༡ ཉིན། RFA/Tenzin Woser

བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་རུ་སོག་དོན་གཅོད་བཅས་ནས་བཞུགས་སྒར་དུ། སྤྱི་ཟླ་ ༤ པའི་ཚེས་ ༡ ཉིན་ནས་ཉི་མ་གཉིས་རིང་བོད་སོག་འབྲེལ་ལམ་ཚོགས་འདུ་ཞིག་གོ་སྒྲིག་གནང་བའི་སྟེང་། སོག་ཡུལ་གྱི་སློབ་དཔོན་ཆེན་མོ་ཆེད་ལས་ཉམས་ཞིབ་པ་ཁག་ཅིག་དང་། བོད་ཀྱི་ཉམས་ཞིབ་པ་དང་དགེ་བཤེས་ལྷ་རམས་པ་སོགས་མཁས་དབང་ཁག་ལྷན་ཚོགས་ཀྱིས། དུས་རབས་ ༢༠ ནས་བཟུང་བོད་སོག་འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་དང་། བསྐྱར་གསོ་ཡོང་བའི་བརྒྱུད་རིམ།མ་འོངས་འཕེལ་ཕྱོགས་སྐོར་གླེང་བའི་བརྗོད་གཞི་དང་འབྲེལ་ཏེ་ལྷན་ཚོགས་གནང་གི་ཡོད་ཅིང་། རུ་སོག་དོན་གཅོད་ཏི་ལོ་རིན་པོ་ཆེ་ལགས་ནས་དེང་སང་སོག་ཡུལ་དང་རྒྱ་ནག་གི་དབར་འཕྲལ་སེལ་དགོས་པ་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་འབྲེལ་ལམ་ཡོང་གི་ཡོད་པ་དེ། ཇི་ཙམ་ཐག་ཉེ་ཆགས་ན་སོག་ཡུལ་དེ་བོད་དང་འབྲེལ་ལམ་རྒྱང་ཐག་ཇེ་རིང་དུ་འགྲོ་ཉེན་ཡོད་པས། བོད་སོག་གི་འབྲེལ་ལམ་རྒྱང་ཐག་ཇེ་རིང་དུ་མི་འགྲོ་བའི་ཆེད་ལྷན་ཚོགས་འདི་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་ཏི་ལོ་རིན་པོ་ཆེ་ལགས་ནས་བོད་དོན་འཐབ་རྩོད་དང་བོད་ཀྱི་ཆོས་དང་རིག་གཞུང་གནས་མ་གནས་དེ། སོག་ཡུལ་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་གིས་ཁྱབ་ས་ཆ་ཚང་ལ་ཧ་ཅང་གལ་ཆེན་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། སྔོན་མ་ནས་སོག་པོ་གཞུང་དང་འབྲེལ་ཡོད་མཁས་པ་རྣམས་བོད་གཞུང་དང་འབྲེལ་ལམ་བྱེད་པར་འཚེར་སྣང་ཅུང་ཟད་ཡོད་པ་ནི། རྒྱ་ནག་གཞུང་གིས་གནོན་ཤུགས་དང་ཁལ་ཁ་རྗེ་བཙུན་དམ་པ་ཁྲི་སྟོན་ལ་དཀའ་ངལ་སྣ་མང་བཟོས་བསྡད་ཡོད་ནའང་། འོན་ཀྱང་ད་རེས་ཁོང་ཚོ་དཀའ་ངལ་དེ་རིགས་ལ་མ་འཛེམས་པར་ཟུར་པ་དེ་འདྲའི་རྣམ་པའི་ཐོག་ནས་ཡོང་བ་རེད་དེ། དོན་དམ་པའི་གཞུང་དང་འབྲེལ་ཡོད་རྣམས་ཐེངས་དང་པོ་ཡོང་བ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ལྷན་ཚོགས་དབུ་འབྱེད་ཀྱི་སྟེང་དུ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། རུ་སོག་དོན་གཅོད་ཏི་ལོ་རིན་པོ་ཆེ་ལགས་བཅས་ནས་བོད་སོག་གི་འབྲེལ་ལམ་ནི། དཔལ་ལྡན་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཧོར་གོང་མ་སེ་ཆེན་ཧན་གྱིས་བོད་ཆོལ་ཁ་གསུམ་ཕུལ་བ་ནས་བཟུང་། ཆོས་སྲིད་ཀྱི་འབྲེལ་བ་ཟམ་མི་ཆད་པར་བྱུང་བ་དང་། ལྷག་པར་༸གོང་ས་ལྔ་བ་ཆེན་པོར་སོག་པོ་ཧོ་ཤོད་ཀྱིས་རྒྱབ་རོགས་གནང་སྟེ་དགའ་ལྡན་ཕོ་བྲང་བཙུགས་པ་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སོག་ཡུལ་དུ་ཕེབས་པ་དང་བོད་སོག་གཉིས་རང་བཙན་གྱི་ཆིངས་ཡིག་བཞག་པ་དང་། སོག་པོའི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་ཧ་ཅང་མང་པོ་བོད་ནང་ཕེབས་ཏེ་སློབ་གཉེར་གནང་བ་སོགས། བོད་སོག་གཉིས་ནི་ཆོས་སྲིད་གང་ཐད་ནས་འབྲེལ་ལམ་ཟབ་ཤོས་དང་རྒྱུན་རིང་ཤོས། ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ནང་ཚགས་ཆགས་ཡོད་པ་སོགས་ཀྱང་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org