ས་གནས་འགོ་འཛིན་རྣམས་ནི་གཞིས་མི་རྣམས་ཀྱི་དཀའ་ངལ་ཞུ་སའི་ལམ་བུ་ཡིན་པས་ཁོང་རྣམས་ལ་བུད་མེད་དང་བྱིས་པར་འཕྲད་བཞིན་པའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་ལུགས་སྐོར་གྱི་ཟབ་སྦྱོང་ཞིག་ཕུལ་ཡོད་འདུག
བོད་མི་ཁྲིམས་ལུགས་རིག་པ་བ་ཚོགས་པས་རྒྱ་གར་བྱང་ཤར་བོད་པའི་གཞིས་ཆགས་ཁག་ ༢༥ ཡི་ས་གནས་འགོ་འཛིན་རྣམས་ལ་ཁྲིམས་ལུགས་རིག་པའི་གོ་རྟོགས་ཀྱི་ཟབ་སྦྱོང་ཞིག་གནང་བཞིན་པ།
- 2024-08-29
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༢༩ དང་ ༣༠ བཅས་ཉིན་གྲངས་གཉིས་ཀྱི་རིང་བོད་མི་ཁྲིམས་ལུགས་རིག་པ་བ་ཚོགས་པའི་གོ་སྒྲིག་འོག བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་ Imperial Heights གསོལ་མགྲོན་ཁང་དུ། རྒྱ་གར་བྱང་ཤར་བོད་པའི་གཞིས་ཆགས་ཁག་ ༢༥ ཡི་ས་གནས་འགོ་འཛིན་རྣམས་ལ་ཁྲིམས་ལུགས་རིག་པའི་གོ་རྟོགས་ཀྱི་ཟབ་སྦྱོང་ཞིག་གནང་བཞིན་ཡོད་པ་ལྟར། ཐེངས་འདིའི་ཟབ་སྦྱོང་ཐོག་ཟབ་འཁྲིད་གནང་མཁན་བོད་མི་ཁྲིམས་ལུགས་རིག་པ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་ནས། བོད་པའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་ཞན་པོ་ཡོད་པ་དང་། དམིགས་བསལ་བུད་མེད་དང་བྱིས་པར་འཕྲད་བཞིན་པའི་རྩུབ་སྤྱོད་སོགས་ཀྱི་དཀའ་ངལ་རྣམས་ངོས་འཛིན་མི་ཐུབ་པའི་གནས་སྟངས་མང་དག་ཅིག་བྱུང་བཞིན་ཡོད་དུས། ས་གནས་འགོ་འཛིན་རྣམས་ནི་གཞིས་མི་རྣམས་ཀྱི་དཀའ་ངལ་ཞུས་སའི་ལམ་བུ་ཡིན་པར་བརྟེན། ཐེངས་འདིར་ས་གནས་འགོ་འཛིན་རྣམས་ལ་དེ་འབྲེལ་ཟབ་སྦྱོང་ཞིག་ཕུལ་བའི་བརྒྱུད་གཞིས་མི་རྣམས་ལ་ཡང་གོ་རྟོགས་སྤེལ་ཐུབ་རྒྱུའི་དམིགས་ཡུལ་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་འདི་ག་རླུང་འཕྲིན་ཁང་ནས་ཟབ་སྦྱོང་དེའི་ཐོག་མཉམ་བཞུགས་གནང་མཁན་གྱི་བོད་མའི་ས་གནས་གཞིས་འགོ་ཁག་ཅིག་ལ་ཁོང་རྣམས་ནས་ཟབ་སྦྱོང་དེའི་ཐོག་མཉམ་བཞུགས་གནང་དགོས་པའི་དམིགས་ཡུལ་དང་གལ་གནད་སྐོར་བཀའ་འདྲི་ཞུས་པར། ཤིམ་ལ་ནས་ཡིན་པའི་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཁོང་ནས་ཟབ་སྦྱོང་དེའི་ནང་མཉམ་ཞུགས་གནང་དོན་གཙོ་བོ་ནི་བོད་མི་རྣམས་ནས་རྒྱ་གར་གི་ཁྲིམས་ལ་གོ་རྟོགས་གསལ་པོ་ཞིག་ཡོང་བ་ཆེད་དུ་ཡིན་ཞེས་དང་། སྦི་རི་ས་གནས་ཀྱི་ལས་དྲུང་མཚན་མཚོ་ལགས་ཀྱིས། ཟབ་སྦྱོང་དེ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་ལྷག་པར་དུ་བོད་པའི་སྤྱི་ཚོགས་ཁྲོད་བུད་མེད་དང་བྱིས་པ་རྣམས་ལ་རྩུབ་སྤྱོད་གི་གནད་དོན་མང་པོ་བྱུང་གི་ཡོད་དུས་དེ་ལྟར་མ་འོངས་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།
དེ་ཡང་ཐེངས་འདིའི་བོད་མི་ཁྲིམས་ལུགས་རིག་པ་བས་ས་གནས་འགོ་འཛིན་རྣམས་ལ་ཕུལ་བཞིན་པའི་ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་ནི་ནག་ཉེས་དང་འབྲེལ་བའི་རྒྱ་གར་གྱི་ཁྲིམས་ཡིག་དང་ཁྲིམས་གཅོད་ལམ་ལུགས། དེ་བཞིན་བྱིས་པ་དང་བུད་མེད་ལ་རྒོལ་བའི་ནག་ཉེས་ཁྲིམས་ཡིག་ཐོག་ཡིན་པ་རེད་འདུག
རྩ་བའི་བོད་མི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༡༤ ལོར་གསར་འཛུགས་གནང་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། ད་ལྟའི་ཆར་ཚོགས་མི་ཁྱོན་ ༥ ཡོད་པ་རེད་འདུག་ལ། ཚོགས་པ་དེའི་ངོས་ནས་ད་བར་བོད་མི་ ༣༠༠༠ ལྷག་ཙམ་ལ་ཁྲིམས་ལུགས་ཐོག་ནས་རོགས་རམ་གནང་ཐུབ་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།