རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཐད་ཉི་ཧོང་ནང་བགྲོ་གླེང་གནང་འདུག

རྒྱ་ནག་གཞུང་གིས་བཀའ་ཁྱབ་ཡིག་ཆ་ཨང་བཅུ་དགུ་བ་ཞེས་བ་བསྒྲགས་ནས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཐད་ཉི་ཧོང་ནང་ཚོགས་སྡེ་མང་པོས་མཉམ་དུ་བགྲོ་གླེང་གནང་འདུག

རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཐད་ཉི་ཧོང་ནང་བགྲོ་གླེང་གནང་བར་མཉམ་ཞུགས་པ་རྣམས། ༡༡།༡༩།༢༠༢༣ CTA

འདི་ཚེས་༡༩ཉིན་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཉི་ཧོང་གི་(Save Tibet Network)་བོད་སྐྱོབས་འབྲེལ་མཐུད་ཁང་གཉིས་ཀྱིས་མཉམ་དུ་གོ་སྒྲིག་གིས། ཉེ་ལམ་སྤྱི་ཟླ་དགུ་བའི་ནང་རྒྱ་ནག་གཞུང་གིས་འདོན་སྤེལ་བྱས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོར་སྟངས་འཛིན་བྱེད་པའི་བཀའ་ཁྱབ་ཨང་༡༩ཞེས་པའི་ཐད། ཉི་འོང་གི་རྒྱལ་སའི་(Shinjuku Historical Museum)་དུ་བགྲོ་གླེང་བསྐོང་ཚོགས་གནང་ཡོད་པ་དང་། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཀྱི་བགྲོ་གླེང་དེ་ནི་རྒྱ་ནག་གིས་བཏོན་པའི་བཀའ་ཁྱབ་ཡིག་ཆ་ཨང་བཅུ་དགུ་བ་ཟེར་བའི་སྐོར་ཡིན་ལ། བགྲོ་གླེང་ཚོགས་འདུའི་སྐབས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་(Mitusbayashi Hiromi)་ལགས་དང་། (Miyawaki Junko)་ལགས། ཉི་ཧོང་གི་དགེ་འདུན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་(Kobayashi Shuei)་ལགས། ལྷོ་སོག་པོ་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Govrud Archa)་ལགས། ཉི་ཧོང་ཡུ་གུར་ཚོགས་པའི་(Sawut Mohamed) ལགས་བཅས་ཕེབས་ནས་བགྲོ་གླེང་དང་གཏམ་བཤད་གནང་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་བཀའ་ཁྱབ་ཡིག་ཆ་ཨང་བཅུ་དགུ་ཞེས་པ་དེ་རྒྱ་ནག་ནང་དང་རྒྱ་ནག་གིས་བཙན་བཟུང་བྱས་པའི་མངའ་ཁུལ་ཁག་ནང་དབང་ཤུགས་ཆ་ཚང་སླེབས་ཐབས་དང་ཆོས་ཕྱོགས་ཀྱི་དགོན་སྡེ་དང་བྱེད་སྒོ་ཁག་ལ་དམ་དྲག་སྟངས་འཛིན་ཐབས་ཀྱི་སྲིད་ཇུས་ཞིག་ཡིན་པར་ཚང་མས་ངོས་འཛིན་བྱེད་བཞིན་པ་འགྲེལ་བརྗོད་གནང་བྱུང་།
སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་དང་། བཀའ་ཁྱབ་ཡིག་ཆ་ཨང་༡༩ ཞེས་པ་དེ་བརྒྱུད་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་དེ་རྒྱ་ནག་གཞུང་གིས་ཁྲིམས་མཐུན་བཟོ་ཐབས་བྱེད་བཞིན་པ་སོགས་གཏམ་བཤད་དང་དྲི་བ་ཁག་ལན་འདེབས་གནང་འདུག


ད་དུང་བགྲོ་གླེང་སྐབས་རྒྱ་ནག་གི་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་སྲིད་བྱུས་དེ་ནི་རྒྱ་ནག་གིས་བྱིས་པ་རྣམས་ལ་ཆུང་དུས་ནས་དམར་ཤོག་གི་ལྟ་བ་སློབ་སྦྱོང་དང་ཁྱབ་སྤེལ་དང་རྫུན་གཏམ་དྲིལ་བསྒྲགས་ཀྱི་ཆེད་ཡིན་པ་མ་ཟད། རྒྱ་ནག་གི་སྲིད་དབང་སྒེར་འཛིན་གྱི་བྱེད་བབ་དེ་ནི་མི་སེར་རྣམས་ཀྱི་རང་གི་བསམ་བློ་དང་ཆོས་བྱེད་པའི་རང་དབང་བཙན་འཕྲོག་བྱས་པ་ཞིག་ཡིན་པ་སོགས་བརྗོད་འདུག
མཐའ་མཇུག་བགྲོ་གླེང་ཚོགས་འདུའི་སྐབས་དྲི་བར་དྲིས་ལན་དང་ཐུན་མོང་གི་ཐོག་ནས་གྲོས་ཆོད་གཅིག་བཞག་ཡོད་པ། ཉི་ཧོང་གི་(Super Sangha)་ཞེས་པའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཞོན་དགེ་འདུན་པ་(Kobayashi Shuei)་ཡིས་བོད་དོན་ཐད་རྒྱབ་སྐྱོར་གནང་གི་ཡོད་པ་དང་། བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གལ་གནད་ཐད་གླེང་སློང་དང་འབྲེལ་ཆོས་མེད་རིང་ལུགས་པ་རྒྱ་ནག་གཞུང་གིས་བོད་ཀྱི་རྩ་ཆེའི་ཡང་སྲིད་ལམ་ལུགས་ལ་ཐེ་ཇུས་མ་བྱེད་རོགས་ཞེས་འབོད་སྐུལ་གནང་ཡོད་འདུག


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org