རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཁག་ཅིག་བཞག་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་ཆ་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལས་ལྷག་པ་དགོས་སྐོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་གསུངས་སོང་།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ལྡི་ལིར་ཚོགས་བཞིན་པ། ༡༡།༢༨།༢༠༢༢ CTA

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ཟླ་བ་འདིའི་ཕྱི་ཚེས་༢༨དང་༢༩བཅས་ཉིན་གྲངས་གཉིས་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་མཐུན་འགྱུར་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གི་(Vishwa yuwak Kendra)་ཚོགས་ཁང་དུ་ཚོགས་ཡོད་པ་དང་། ཚོགས་ཆེན་གྱི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུས་པའི་དམིགས་བསལ་སྐུ་མགྲོན་ཁག་གཅིག་དང་། རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་བཅོ་ལྔའི་སྐུ་ཚབ་ཚོགས་མི་མི་གྲངས་༢༠༠ལྷག་ལྷན་འཛོམས་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་ངོ་བོ་དང་དམིགས་ཡུལ་སོགས་ངོ་སྤྲོད་དང་མཉམ། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་སྐོར། རྒྱ་ནག་གི་ཤུགས་རྐྱེན་དང་རང་རྒྱལ་ཁབ་ཀྱི་ཁེ་ཕན་དོན་དུ་རྒྱལ་སྤྱིའི་སྲིད་གཞུང་ཁག་ཅིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་ལོག་འགྲེལ་བྱེད་བཞིན་པ་དེ་དྲང་པོ་མིན་སྐོར་སོགས་གསུངས་ཡོད་པ་མ་ཟད། འདས་པའི་ལོ་ངོ་༦༣ལྷག་གི་རིང་བོད་དོན་འཐབ་རྩོད་གསོན་པོར་གནས་ཐུབ་པ་དེ། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་ཕེབས་ནས་རྒྱབ་སྐྱོར་ཐོབ་པའི་ཐུགས་རྗེའི་བཀྲིན་ལ་བརྟེན་ནས་ཡིན་སྐོར་དང་། དེང་སྐབས་༧གོང་ས་མཆོག་གི་དགུང་ལོའི་གནས་བབས་ལ་བརྟེན་ནས་ཆིབས་བསྒྱུར་ཁག་ཉུང་དུ་ཕྱིན་ཡོད་པར་སོང་། ད་ཆ་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལས་ལྷག་པ་དགོས་སྐོར་དང་རང་ངོས་ནས་ཀྱང་གང་ཐུབ་ཀྱིས་གྲུབ་འབྲས་བཟང་པོ་ཞིག་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡིན་ཞེས་དང་། ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པ་དང་། ལྷག་པར་དུ་འདས་པའི་ཉིན་ཤས་ནང་རྒྱ་ནག་ནང་དོན་རྐྱེན་མང་དག་ཞིག་ཡོང་བཞིན་པ་དེའི་རིགས་ལ་ང་ཚོས་ངེས་པར་དུ་དོ་སྣང་བྱ་དགོས་པ་དང་། ང་ཚོ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱི་ཕྱོགས་ནས་དུས་དང་བསྟུན་གང་དང་གང་འདྲ་བྱེད་དགོས་པ་དེ་གནད་དགག་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས་གནང་སོང་།
ཡང་ད་རེས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་གཙོ་བོ་གང་བཞག་མིན་ཐད་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཨཱ་ནནྟ་ཀུ་མཱར་(Anand kumar) ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དྲ་ལམ་བརྒྱུད་གསུང་ན། ད་རེས་ཐོགས་ཆེན་ཐོག་རྒྱ་གར་དབུས་གཞུང་ནས་རྒྱ་ནག་གཞུང་དང་བོད་མིའི་སྐུ་ཚབ་བར་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་དོན་ཕན་ལྡན་པའི་གྲོས་མོལ་ཞིག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། གཉིས་པ། བོད་པའི་ཆོས་དང་རིག་གཞུང་། ལྷག་པར་དུ་གོང་ས་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཐད་རྒྱ་ནག་གཞུངས་ཕྱོགས་ནས་ཐེ་བྱུས་མི་ཡོང་བའི་ཆེད་དུ་རྒྱ་གར་གཞུང་ནས་ཉེན་བརྡ་གཏོང་དགོས་པ། གཞན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མི་བར་འབྲེལ་ལམ་དམ་ཟབ་གཏོང་རྒྱུ་སོགས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད་འདུག


འདི་ཚེས་༢༩ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོར་ཕེབས་ནས། རྒྱ་ནག་གཞུང་གིས་དུས་རྒྱུན་བོད་རྒྱའི་དཀའ་རྙོག་ནི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེ་ལྟར་མིན་པར་བོད་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་ཙམ་མིན་པར་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་རྟག་ཏུ་ས་མཚམས་སོགས་ཀྱི་དཀའ་ངལ་རིམ་པ་བཟོས་དང་བཟོ་བཞིན་ཡོད། ཕྱི་ལོ་༢༠༢༠ཟླ་༦པའི་ཚེས་༡༥ཉིན་འཕགས་བོད་ས་མཚམས་ལ་དྭགས་གྷལ་ཝན་ལུང་གཤོངས་སུ་རྒྱ་དམར་གཞུང་གིས་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་། ད་བར་འཕགས་བོད་ས་མཚམས་སུ་དཀའ་རྙོག་ཆེ་རུ་ཕྱིན་ཏེ་རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་ཐོག་ལའང་དོ་ཕོག་བྱུང་ཡོད་ཅིང་། རྒྱ་དཀར་ནག་གི་དམག་མིའི་དབར་གདོང་གཏུག་སྐབས། རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་དམག་མི་ཉི་ཤུ་ཙམ་གྱི་ཚེ་སྲོག་ཀྱང་ཤོར་ཡོད། རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་མ་བྱས་སྔོན་བོད་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་བར་གྱི་བར་གནས་རྒྱལ་ཁབ་(buffer zone)་ལྟ་བུར་གནས་ཡོད་ཀྱང་། ད་ཆ་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས། རྒྱ་དཀར་ནག་གི་ས་མཚམས་ཞེས་བཙན་ཤེད་ཐོག་ནས་བྱུང་བ་ལས། དོན་ངོ་མ་འཕགས་བོད་ས་མཚམས་ཆགས་ཀྱི་ཡོད། རྒྱ་དཀར་ནག་དབར་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་དེ་བཞིན་ཨེ་ཤི་ཡའི་གླིང་ཕྲན་ནང་གི་ཆབ་སྲིད་ཀྱི་རྩོད་རྙོག་རྒྱུན་རིང་ཤོས་ཤིག་ཡིན། དཀའ་རྙོག་དེ་སེལ་ཐབས་དང་། དེ་བཞིན་རྒྱ་གར་རྒྱལ་ཁབ་བདེ་འཇགས། རྒྱ་དཀར་ནག་དབར་ཞི་བདེ་ལྷིང་འཇགས་བཅས་ཡོང་རྒྱུར་བོད་ཀྱི་གནད་དོན་གསལ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་སོགས་གཏམ་བཤད་གནང་ཡོད་འདུག
ད་རེས་ཀྱི་ཚོགས་ཆེན་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མཱར་(Surjeet Kumar)་ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཨཱ་ནནྟ་ཀུ་མཱར་(Anand kumar)་ལགས། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མཱར་(Indresh Kumar)་ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་(R K Khrimey)ལགས་བཅས་ཕེབས་ཡོད་འདུག


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org