རྒྱལ་ཚོགས་ནང་རྒྱལ་ཁབ་མང་པོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་འདུག

ཉེ་ལམ་ཇི་ནི་ཝར་ཚོགས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཤུགས་ཆེ་གླེང་སློང་བྱུང་འདུག

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས། ༢༠༡༨།༩ ohchr.org

ཉེ་ལམ་ཇི་ནི་ཝར་ཚོགས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཤུགས་ཆེ་གླེང་སློང་བྱུང་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༣༩་པ་དེ་ཉེ་ལམ་ཕྱི་ཟླ་༩པའི་ཚེས་༡༠ནས་༢༨བར་བདུན་ཕྲག་གསུམ་རིང་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཚོགས་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་སྤེལ་བའི་སྤྱི་བསྒྲགས་ནང་གསལ་ལྟར་ན། ལྷན་ཚོགས་དེའི་ཐོག་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་། ཇར་མ་ནི། དབྱིན་ཡུལ། ཁེ་ན་ཌ། ཧྥིན་ལེནཌ། ཧྥ་རནསྀ་སོགས་ཀྱི་སྐུ་ཚབ་རྣམ་པས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པའི་ཐད་བློ་ཚབས་གསལ་འདོན་གནང་པའི་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཀྲིས་དབང་ཕྱུགས་ལགས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚང་མ་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་བརྗོད་ཅིང་། ཡང་ཇར་མན་གྱི་སྐུ་ཚབ་ཚོགས་པས་སྤེལ་བའི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་ནས་ཆོས་ལུགས་དང་མི་རིགས་གྲངས་ཉུང་གི་ས་ཁུལ་ཁག་དང་། ལྷག་པར་དུ་བོད་མིའི་ཐོག་འཆར་གཞི་ལྡན་པའི་སྒོ་ནས་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་ལྟར་བྱེད་བཞིན་ཡོད་པ་དེར་བློ་ཚབས་ཆེན་པོ་ཡོད་པ་གསུངས་སྟེ་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བོད་མི་བཀྲིས་དབང་ཕྱུག་ལགས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་མ་ཟད། སློབ་གསོའི་ལྟེ་གནས་ཞེས་པ་དེ་དག་འཕྲལ་མར་སྒོ་རྒྱག་དགོས་པ་གསུངས་འདུག
དབྱིན་ཡུལ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པ་ནས་ཀྱང་དེ་དང་གཅིག་མཚུངས་ནན་བརྗོད་གནང་པའི་ཐོག་རྒྱ་ནག་ནང་ཞི་བའི་ཐོག་ནས་སྨྲ་བརྗོད་ཀྱི་རང་དབང་བེད་སྤྱད་པའི་རྐྱེན་གྱིས་དོ་དམ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་གསུངས་འདུག
གསར་དུ་བསྐོ་བཞག་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ མི་ཤལ་ སྦ་ཆེ་ལེཊ་(Michelle Bachelet) ལགས་ཀྱིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་ཆེད་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་པ་རྒྱ་ནག་གི་ས་ཁུལ་གང་སར་སྐོར་བསྐྱོད་ཀྱི་བཀའ་ཁྲོལ་གནང་དགོས་པ་གསུངས་འདུག ད་རེས་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་སྟབས་བསྟུན་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གནས་བབས་སྐོར་གོ་རྟོགས་ཁྱབ་སྤེལ་སླད་ཟུར་དུ་བགྲོ་གླེང་ཁག་གཉིས་ཙམ་གོ་སྒྲིག་ཞུས་འདུག་པ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཚན་མཉམ་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་གཏམ་བཤད་ཀྱང་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org