སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོའི་བསྒྲགས་གཏམ་ལ་༧གོང་ས་མཆོག་གིས་དགའ་བསུ་དང་བསྔགས་བརྗོད་མཛད་འདུག

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་བསྒྲགས་གཏམ་སྤེལ་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་གསུང་འཕྲིན་བསྩལ་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག OHHDL

དེ་ཡང་ཉི་ཧོང་གི་གྲོང་ཁྱེར་(Hiroshima)་ནང་ཚོགས་པའི་(G7)་ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཚེས་༡༩ནས་ཉིན་གསུམ་རིང་ཚོགས་རྗེས་བསྒྲགས་གཏམ་སྤེལ་བའི་ནང་། རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འབོད་སྐུལ་གནང་བར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཚེས་༢༣ཉིན་དགའ་བསུ་དང་བསྔགས་བརྗོད་ཀྱི་གསུང་འཕྲིན་བསྩལ་ཡོད་པ་རེད།
༧གོང་ས་མཆོག་གི་གསུང་འཕྲིན་ནང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོའི་ལྷན་ཚོགས་དང་མཉམ། རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་བསྒྲགས་གཏམ་སྤེལ་བ་དེས། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་བཞིན་ཞི་བདེ་དང་མཉམ་ལས་ཀྱི་དུས་རབས་ཤིག་ཏུ་བསྒྱུར་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་གསུངས་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསུང་འཕྲིན་ནང་མགོན་པོ་མཆོག་གིས། ཟུང་འབྲེལ་བསྒྲགས་གཏམ་འདིས་འགྲོ་བ་མི་རིགས་ཚང་མ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཡོད་པའི་དངོས་ཡོད་གནས་སྟངས་མཚོན་གྱི་ཡོད་པ་མ་ཟད། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་བཞིན་ཞི་བདེ་དང་མཉམ་ལས་ཀྱི་དུས་རབས་ཤིག་ཏུ་བསྒྱུར་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པའང་མཚོན་གྱི་ཡོད། ངོས་ལ་མཚོན་ན་འཛམ་གླིང་ཁྱོན་ཡོངས་སུ་དམག་འཁྲུག་དང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་ལས་གཞི་འདི་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། ཕྱི་ལོ་༢༠༢༢ལོའི་ཟླ་༡ནང་རྡུལ་ཕྲན་མཚོན་ཆ་ཡོད་མཁན་རྒྱལ་ཁབ་ལྔ་ཡིས་རྡུལ་ཕྲན་མཚོན་ཆའི་དམག་ལ་རྒྱལ་ཁ་སུ་ལའང་མེད་པས་དམག་ནམ་ཡང་བཀྱེ་རྒྱུ་མིན་པའི་ཐུན་མོང་གི་དམ་བཅའ་བཞག་པར་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་བྱུང་།
ད་ལྟའི་ཆར་འཛམ་གླིང་ས་གནས་གང་སར་གསར་བརྗེ་གཡོ་འགུལ་ལངས་ཤིང་ངེས་བརྟན་མེད་པའི་དུས་སྐབས་འདིར་ང་ཚོས་གྲོས་མོལ་དང་ཐབས་བྱུས་ལྡན་པའི་ཐོག་དཀའ་རྙོག་ཞི་འགྲིག་ཡོང་བར་ལྷག་བསམ་རྣམ་གིས་འབད་རྩོལ་ཧུར་སྐྱེད་གནང་དགོས། དེ་ལྟ་བས་ན། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དམ་བཅའ་འདི་ལྟ་བུས་ནུས་པ་ལྡན་པའི་བརྡ་ལན་སྤྲད་ཡོད་པ་མ་ཟད། འགྲོ་བ་མིའི་འཚོ་གནས་ལ་ཉེན་ཚབས་ཆེ་བའི་མཚོན་ཆ་དེ་རིགས་བཀག་སྡོམ་དགོས་པའི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གནང་བ་མཚོན།
རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་དུས་ཀྱི་དགོས་མཁོ་ཡིན་པ་མ་ཟད་དེ་ཉིད་སྒྲུབ་ནུས་པ་ཞིག་ཀྱང་ཡིན། ང་ཚོ་ཕན་ཚུན་རྟེན་འབྲེལ་གྱི་འཛམ་གླིང་ནང་འཚེ་བ་ལ་བརྟེན་ནས་དམག་འཁྲུག་རྒྱག་ཡུལ་ལས་རྒྱང་ཐག་རིང་པོར་གནས་མཁན་ཚོའང་སྡུག་བསྔལ་མྱོང་དགོས་ཐུག་ཀྱི་ཡོད། ངོས་ཀྱི་རེ་བ་ལ་འགྲོ་བ་མི་ཚང་མས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་ཡིད་ལ་བཅངས་ཏེ་གཞན་སུ་རུང་ལ་རྡུལ་ཕྲན་མཚོན་ཆ་ཐེ་བའི་དྲག་པོའི་གནོད་འཚེ་སྐྱེལ་ན། དེ་ཡིས་ང་ཚོ་ཚང་མར་གནོད་ངེས་པ་བསམ་ཤེས་ཐུབ་པའི་རེ་བ་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་བཞིན་བྱམས་བརྩེ་དང་ཞི་བདེ། འཆམ་མཐུན་ལྡན་པའི་འཛམ་གླིང་དུ་འགྱུར་བའི་ཐུགས་སྨོན་ཡོད་པ་བཀོད་འདུག


ཐེངས་འདིར་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤེ་མར་སྐོང་ཚོགས་གནང་བའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་ལྷན་ཚོགས་ཀྱི་མཇུག་མཐའི་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གི་དཔལ་འབྱོར་དང་དྲག་པོའི་སྟོབས་ཤུགས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ་མ་ཟད། བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་མིང་དངོས་སུ་བཏོན་ནས་རྒྱ་གཞུང་གིས་ས་ཁུལ་དེ་དག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་དང་དེའི་ཐད་བློ་འཚབ་ཡོད་པ་བསྟན་འདུག་ལ། རྒྱ་ནག་གི་ཕྱོགས་ནས་དེ་ནི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག
(G7)་ཞེས་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་པོ་ནི་ཨ་མི་རི་ཀ་དང་། ཧྥ་རན་སི། དབྱིན་ཡུལ། ཨེ་ཊ་ལི། ཇར་མན་ནི། ཁེ་ན་ཌ། ཉི་ཧོང་བཅས་ཡིན་པ་དང་། རྒྱལ་ཁབ་བདུན་པོ་དེ་འཛམ་གླིང་གི་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཀྱི་ཚབ་མཚོན་གནང་གི་ཡོད་པ་རེད་འདུག


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org