བོད་ནང་ཆུ་ལོག་གི་རྐྱེན་པས་གཞུང་ལམ་ཆད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་འདུག

བོད་ཤར་ཕྱོགས་ཀྱི་ས་ཁུལ་མང་པོའི་ནང་ཆུ་ལོག་རྒྱུག་པ་སོགས་ཀྱི་རྐྱེན་པས་རི་ཉུལ་བ་དང་གཞུང་ལམ་ཆད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་འདུག

དཀར་མཛེས་རྫོང་དང་ཉག་རོང་རྫོང་བར་གྱི་གཞུང་ལམ་ཆད་ཡོད་པ། ༢༠༢༠།༧།༡༦ དྲ་བཤུས། Weibo

བོད་ཤར་ཕྱོགས་ཀྱི་ས་ཁུལ་མང་པོའི་ནང་ཆུ་ལོག་རྒྱུག་པ་སོགས་ཀྱི་རྐྱེན་པས་རི་ཉུལ་བ་དང་གཞུང་ལམ་ཆད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་འདུག
འདས་པའི་ཉིན་ཤས་རིང་བསྟུད་མར་བོད་ཤར་ཕྱོགས་ཁུལ་གྱི་ས་ཆ་མང་པོར་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས། ས་གནས་མང་པོའི་ནང་ཆུ་ལོག་རྒྱུག་པ་དང་དེའི་རྐྱེན་གྱིས་རི་ཉུལ་བ་དང་ལམ་ཆད་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་བརྙན་པར་ལག་ཐོབ་བྱུང་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་གསར་ལམ་ཁག་དང་བོད་ནང་གི་བོད་མི་ཚོས་དྲ་ལམ་དུ་ཡང་དེ་མཚུངས་གནས་ཚུལ་སྤེལ་འདུག
དེའི་ཁྲོད་དཀར་མཛེས་ཁུལ་སྡེ་དགེ་རྫོང་གྲོང་གི་གཙང་པོ་རྒྱས་ནས་ཆུ་རྒྱུད་གཤོང་ཁུལ་དང་རྫོང་ཁོངས་ཀྱི་བགྲོད་ལམ་ཁག་ཅིག་ཆུས་བསྣུབས་ཡོད་འདུག་ལ། འཕྲང་རོང་འགག་སོགས་ཀྱི་བགྲོད་ལམ་ཆུས་བསྣུབས་ནས་ཡོངས་སུ་ཆད་འདུག དེ་མིན་གྱི་གཞུང་ལམ་གཞན་པ་ཁག་ཅིག་ལ་ཡང་ལམ་ཉིལ་བ་དང་། འགྲོ་ལམ་འགག་པ་སོགས་ས་གནས་མང་པོར་ཆུ་ལོག་གི་གནོད་འཚེ་ཕོག་འདུག
སྤྱི་ཟླ་༧་པའི་ཚེས་༡༦་ཉིན། དཀར་མཛེས་ཉག་རོང་ཕྱོགས་སུ་ཆུ་ལོག་གི་གནོད་འཚེ་ཁྲོད་རྒྱལ་སྲུང་གཞུང་ལམ་ཨང་༢༢༧་དང་། དཀར་མཛེས་ཁུལ་ཉག་རོང་རྫོང་མངའ་ཁོངས་ཀྱི་གསེར་འོད་ཡུལ་ཤོག་གི་གཞུང་ལམ་ཆུ་ལོག་གིས་དེད་ནས་འགྲོ་ལམ་ཆད་ཡོད་པས། ལི་ཐང་རྫོང་ནས་དཀར་མཛེས་རྫོང་དུ་འགྲོ་དགོས་ན་ལི་ཐང་ནས་ར་རྔ་བརྒྱུད་ནས་མ་གཏོགས་འགྲོ་ས་མེད་པ་ཆགས་འདུག
དེ་མིན་རྒྱལ་སྲུང་གཞུང་ལམ་ཨང་༢༢༧་ལམ་ཐིག་གི་དཀར་མཛེས་ཁུལ་བྲག་མགོ་རྫོང་འདན་མདོ་ཡུལ་ཤོག་བྱང་ཆུབ་གླིང་གྲོང་ཚོ་ཕྱོགས་ཀྱི་གཞུང་ལམ་ཆུ་ལོག་གི་རྐྱེན་གྱིས་རིང་ཚད་མི་ཊར་༤༠་ཙམ་གྱི་ལམ་གས་སྐྱོན་བྱུང་ནས་འགྲིམ་འགྲུལ་ཐད་འགོག་རྐྱེན་བཟོས་ཡོད་འདུག
སྡེ་དགེ་རྫོང་དུ་ཆར་ཤོད་ཆུ་ལོག་གི་རྐྱེན་པས་གསེར་ཆུ་ཆུ་བོ་བྲུག་ནས་སྡེ་དགེ་རྫོང་གི་གྲོང་ཁུལ་དུ་ཆུ་འཁྱིལ་བ་དང་རྫོང་མཁར་ནས་འགྲོ་འོང་བྱེད་སའི་རྒྱལ་སྲུང་གཞུང་ལམ་༣༡༧་ཆད་ཡོད་འདུག
ས་གནས་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། བོད་ཀྱི་ས་ཁུལ་མང་པོར་ད་དུང་མུ་མཐུད་དུ་ཆར་པ་འབབ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱིས་གནས་སྐབས་ཕྱིར་བསྐྱོད་བྱེད་མཚམས་བཞག་ནས། རང་ཉིད་ཀྱི་བདེ་འཇགས་ལ་དོགས་ཟོན་བྱེད་དགོས་པ་ཡོངས་ཁྱབ་གསལ་བརྡ་བཏང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org