འཛམ་གླིང་ཡོངས་སུ་བོད་ཀྱི་རྒྱལ་དར་བསྒྲེང་འཛུཊ་ཀྱི་ལས་འགུལ།

བོད་རང་བཙན་སློབ་ཕྲུག་ཚོགས་པས་འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད།

འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་ཀྱི་ལས་འགུལ་སྐབས། SFT

བོད་རང་བཙན་སློབ་ཕྲུག་ཚོགས་པས་འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད།
དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་རིང་མིན་ཕྱི་ཟླ་༢པའི་ཚེས་༡༣ཉིན་༧རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་ནས་ལོ་ངོ་༡༠༢འཁོར་བའི་དུས་ཚེས་ལ་རྗེས་དྲན་སྲུང་བརྩི་ཞུ་ཆེད། ཉེ་ཆར་ཕྱི་ཟླ་༡པའི་ཚེས་༡༤ཉིན་ནས་བཟུང་རྒྱལ་སྤྱིའི་ཡུལ་གྲུ་གང་སར་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་གནང་རྒྱུའི་ལས་འགུལ་འགོ་འཛུགས་གནང་ཡོད་པ་དང་། ལས་འགུལ་དེ་བཞིན་གཙོ་བོ་ངོ་དེབ་Facebookདང་། Twitter, Instagramལ་སོགས་པའི་སྤྱི་ཚོགས་དྲ་འབྲེལ་བརྒྱུད་སྐུལ་སྤེལ་གནང་གི་འདུག་ལ་ལས་འགུལ་གྱི་དམིགས་ཡུལ་དེ་བཞིན་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས་བྱས་པ་བརྒྱུད། བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་ལ་སོགས་པའི་ཕྱོགས་གང་ས་ནས་བོད་དོན་གོ་རྟོགས་ཁྱབ་སྤེལ་གནང་རྒྱུ་ཡིན་སྐོར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་ཚེ་དཔག་གིས་གསུངས་ཡོད།
བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་ཀྱི་ལས་འགུལ་ནང་། མང་ཚོགས་ཁྲོད་ནས་མཉམ་བཞུགས་གང་མང་ཡོང་ཐབས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་རྒྱའི་སྟེང་རྣམ་པ་འདྲ་མིན་གྱི་སྒོ་ནས་ས་ཕྱོགས་གང་སར་རྒྱལ་དར་བསྒྲེང་འཛུགས་གནང་ཕྱོགས་སྐོར་བརྙན་པར་བརྒྱུད་ལམ་སྟོན་གནང་འདུག་པ་དང་། དེའི་ནང་དཔེར་ན། རྒྱལ་དར་བསྒྲེང་འཛུགས་གནང་འདོད་ཡོད་པ་ཚོས་དོ་བདག་རང་ཉིད་ནས་རྒྱལ་དར་བསྒྲེངས་བཙུགས་གནང་པའི་ཁར་སྤྱི་ཚོགས་དྲ་འབྲེལ་བརྒྱུད་སོ་སོའི་ངོ་ཤེས་གྲོགས་པོ་གྲོགས་མོ་ཉུང་ཐར་གསུམ་ལ་ལས་འགུལ་ནང་མཉམ་ཞུགས་ཀྱི་བརྒྱུད་སྐུལ་གནང་དགོས་པའི་འབོད་སྐུལ་དང་། རྒྱལ་དར་བསྒྲེང་འཛུགས་དེ་ཡང་མོ་ཊ་དང་། ཁང་པའི་ཐོག་རྩེགས། དེ་བཞིན་གནད་འགག་ཅན་གྱི་ས་ཚིགས་ལ་སོགས་པའི་ས་ཕྱོགས་གང་རུང་དུ་བསྒྲེངས་བཙུགས་གནང་བཞིན་འདུག་ལ་ལས་འགུལ་འགོ་ཚུགས་གནང་པ་ནས་བཟུང་ད་ཕན་སྤྱི་ཚོགས་དྲ་འབྲེལ་བརྒྱུད་ལས་འགུལ་ནང་མཉམ་བཞུགས་གནང་མཁན་ཇེ་མང་ཡོང་བཞིན་ཡོད་པ་དང་། རྒྱལ་དར་བསྒྲེང་འཛུགས་ཀྱི་ལས་འགུལ་འདི་ཨ་རི་དང་ཡོ་རོབ་རྒྱ་གར་བཅས་ད་ཕན་རྒྱལ་ཁབ་བརྒྱད་ཙམ་ནང་འགྲོ་བཞིན་པ་གསལ་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org