ལྷ་སར་བོད་ཀྱི་རྐང་རྩེད་སྤོ་ལོའི་ཚོཊ་པ་གསར་འཛུགས་གནང་འདུག

བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་ཀྱི་རྐང་རྩེད་སྤོ་ལོའི་ཚོགས་པ་ཞེས་བ་ཞིག་གསར་འཛུགས་གནང་འདུག

བོད་མི་ཁག་གཅིག་གིས་ལྷ་སར་རྐང་རྩེད་སྤོ་ལོ་རྩེད་བཞིན་པ། ༡༩༣༦ པར་ཚགས།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་ཀྱི་རྐང་རྩེད་སྤོ་ལོའི་ཚོགས་པ་གསར་འཛུགས་གནང་འདུག
དེ་ཡང་བོད་ཀྱི་རྐང་རྩེད་སྤོ་ལོའི་སྐྱིད་སྡུག་གསར་འཛུགས་སྔར་ལོ་གནང་ཡོད་ཅིང་། བོད་རིགས་དང་རྒྱ་ཧན་མི་རིགས་དབར་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་ལུགས་འགྲེལ་བརྗོད་གནང་གི་ཡོད་པ་རེད།        
རྐང་རྩེད་སྤོ་ལོའི་ཚོགས་པ་དེའི་བདག་པོ་ནི། རྒྱ་ནག་གཞུང་གིས་གཉེར་བའི་Pureland་སྟེ་ལྷད་མེད་ས་གཞི་ཞེས་པའི་ཁེ་གཉེར་ལས་ཁང་ཡིན་ཞིང་། ཁེ་གཉེར་ལས་ཁང་དེས་འཐུང་ཆུ་དང་སྲོལ་རྒྱུན་གྱི་སྨན་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་རེད།
རྐང་རྩེད་སྤོ་ལོའི་སྐྱིད་སྡུག་འདི་ནི། འཛམ་གླིང་གི་ས་མཐོ་ཤོས་སུ་ཆགས་པའི་རུ་ཁག་ཞིག་ཆགས་ཀྱི་ཡོད་པ་དང་། མི་རིགས་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པར་གསུངས་འདུག        
ལྷ་སའི་རྐང་རྩེད་སྤོ་ལོའི་རུ་ཁག་དེའི་ནང་བརྒྱ་ཆ་བཅུ་ཙམ་རྒྱ་ཧན་མི་རིགས་ཡིན་པ་དང་། རྒྱ་ནག་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རིམ་པ་བཞི་པའི་ནང་བཞུགས་འཆར་ཡོད་པས་རིམ་པ་དམའ་བོའི་རྐང་རྩེད་སྤོ་ལོ་རྩེད་མཁན་ཚོར་གླ་དོད་ཀྱང་དམའ་བོ་ཡིན་པ་རེད།
ལྷ་སའི་རྐང་རྩེད་སྤོ་ལོ་རྩེད་མཁན་བློ་བཟང་ལ་ཟླ་ཕོགས་ཨ་སྒོར་༧༥༠་ཙམ་ལས་མེད་ཅིང་། དེ་ནི་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐད་གྲགས་ཆེ་བའི་ནང་བཞུགས་མཁན་དང་བསྡུར་ན། ཧ་ཅང་གི་གླ་ཕོགས་དམའ་བོ་ཡིན་པ་རེད། ལྷ་སའི་ས་བབ་མཐོ་བ་དང་སྲོག་རླུང་དཀོན་པའི་དབང་གིས་རྒྱ་ནག་གི་རྒྱ་རིགས་རྣམས་དབུགས་ཡུན་ཐུང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།        
བོད་ནང་རྐང་རྩེད་སྤོ་ལོའི་བྱུང་རིམ་ནི། དུས་རབས་ཉི་ཤུ་པའི་ནང་དབྱིན་ཇིས་བཙན་འཛུལ་བྱས་སྐབས་རྐང་རྩེད་སྤོ་ལོ་རྩེད་སྲོལ་བྱུང་ཡོད་ཀྱང་རྙིང་ཞེན་ཆེ་བའི་བོད་རིགས་ཚོས་དར་ཁྱབ་ཏུ་གཏོང་རྒྱུར་བཀག་འགོག་བྱས་པ་རེད། དེང་བོད་ནང་རྐང་རྩེད་སྤོ་ལོ་རྩེད་རྒྱུར་དོ་དབྱིངས་ཆེན་པོ་ཡོད་ཅིང་། བཙན་བྱོལ་དུ་ཡོད་པའི་བོད་རིགས་ཕོ་མོ་གཉིས་ཀའི་རྐང་རྩེད་སྤོ་ལོའི་རུ་ཁག་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་གོ་སྐབས་ནམ་བྱུང་སྐབས་འགྲན་བསྡུར་ནང་ཞུགས་ཀྱི་ཡོད་པ་རེད།།

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org