དྲ་ལམ་བརྒྱུད་བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་ཞུ་འཆཪ།
རྡ་རམ་སཱ་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྒྲུང་གློག་བརྙན་བཟོ་སྐྲུན་ཁང་གཉིས་ཟུང་འབྲེལ་གྱིས་བོད་དོན་དང་འབྲེལ་བའི་གློག་བརྙན་སྣ་མང་ཞིག་དྲ་ལམ་བརྒྱུད་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག
- 2020-12-02
-
-
-
Your browser doesn’t support HTML5 audio
རྡ་རམ་སཱ་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྒྲུང་གློག་བརྙན་བཟོ་སྐྲུན་ཁང་གཉིས་ཟུང་འབྲེལ་གྱིས་བོད་དོན་དང་འབྲེལ་བའི་གློག་བརྙན་སྣ་མང་ཞིག་དྲ་ལམ་བརྒྱུད་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག
རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་སྒྲུང་ཞེས་པའི་གློག་བརྙན་བཟོ་བསྐྲུན་ཁང་དང་། རྡ་རམ་སཱ་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གཉིས་ཟུང་འབྲེལ་གྱིས་བོད་ཀྱི་གློག་བརྙན་(Tibet Films)ཞེས་མིང་ཐོག་དྲ་ལམ་བརྒྱུད་བོད་དང་བོད་མི་དང་འབྲེལ་བའི་གློག་བརྙན་མི་འདྲ་བ་༣༠ལྷག་སྤྱི་ཟླ་༡༢ཚེས་༣ནས་༡༣བར་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་པ་དེའི་ནང་། མཁན་མཛེས་ནོར་བུ་ལགས་ཀྱིས་བཟོ་སྐྲུན་གནང་པའི་(The Cup)འམ་གཟེངས་རྟགས་ཞེས་པའི་གློག་བརྙན་དང་། སྐལ་བཟང་ཚེ་བརྟན་ལགས་ཀྱིས་བཟོ་སྐྲུན་གནང་པའི་(Trembling Mountian, and Who will be a Gurkha)འམ་གཡོ་འདར་ཅན་གྱི་རི་བོ་དང་གོར་ཁཱ་དང་འབྲེལ་བའི་གློག་བརྙན། དེ་བཞིན་རི་ཏུ་སཱ་རིན་ལགས་(Ritu Sarin)དང་། བསྟན་འཛིན་བསོད་ནམས་ལགས་རྣམ་གཉིས་ཀྱི་བཟོ་སྐྲུན་གནང་པའི་(The Sweet Requiem and Dreaming Lhasa)འམ་གཤིས་པོའི་འདས་མཆོད་དང་། ལྷ་ས་རྨི་ལམ་དུ་རྨིས་པ་ཞེས་པའི་གློག་བརྙན་སོགས་དྲ་ལམ་བརྒྱུད་སྤྱན་འབུལ་ཞུ་རྒྱུ་ཡིན་འདུག་པ་དང་། གློག་བརྙན་དེ་དག་བོད་ནང་ཡོད་པའི་སྤུན་ཟླ་རྣམས་ཀྱིས་གཟིགས་ཐུབ་རྒྱུའི་རེ་བ་ཡོད་པ་སྒྲུང་གློག་བརྙན་བཟོ་སྐྲུན་ཁང་གི་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཚེ་བརྟན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
རྡ་རམ་སཱ་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་མ་འགོ་འཛུགས་གནང་མཁན་སྐུ་ཞབས་བསྟན་འཛན་བསོད་ནམས་ལགས་ཀྱིས། ཉེ་བའི་ཆར་བོད་མིའི་ཁྲོད་རང་ངོས་ནས་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ངོས་འཛིན་ཡང་ཐོབ་ཡོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས། བོད་པས་བཟོ་སྐྲུན་བྱས་པའི་གློག་བརྙན་དེ་དག་རེ་བ་ལྟར་རྒྱ་ཆེ་མི་མང་ཁྲོད་དེ་ཙམ་གྱི་ཁྱབ་སྤེལ་འགྲོ་ཐུབ་ཀྱི་མེད་པར་བརྟེན་གོང་ཞུས་མཉམ་རུབ་གྱི་ལས་གཞི་དེ་འགོ་འཛུགས་ཞུས་པ་ཞིག་ཡིན་པ་བརྗོད་ཡོད་པ་རེད།
ཡང་རྡ་རམ་སཱ་ལར་རྟེན་གཞི་བྱས་པའི་སྒྲུང་ཞེས་པའི་གློག་བརྙན་བཟོ་སྐྲུན་ཁང་ནི། གློག་བརྙན་བཟོ་སྐྲུན་གནང་མཁན་བོད་མི་གསུམ་མཉམ་རུབ་ཀྱིས་ཐོག་ནས་གསར་འཛུགས་གནང་བ་ཞིག་ཡིན་འདུག་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་སྤྱི་ཚོགས་ཁྲོད་གློག་བརྙན་བཟོ་སྐྲུན་གི་ཆེད་ལས་ཡར་རྒྱས་གོང་མཐོར་བཏང་སྟེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་སླེབས་ཐབས་བྱ་རྒྱུ་དེ་ཡིན་པ་སྒྲུང་གློག་བརྙན་བཟོ་སྐྲུན་ཁང་གི་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཚེ་བརྟན་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད།
གཞན་ཡང་རྡ་རམ་སཱ་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་(Ritu Sarin)དང་། བསྟན་འཛིན་བསོད་ནམས་ལགས་རྣམ་གཉིས་ཀྱིས་སྤྱི་ལོ་༢༠༡༢ལོར་ཐོག་མ་གསར་གཏོད་གནང་བ་ཞིག་ཡིན་འདུག་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་ས་གནས་ཁག་ནས་གློག་བརྙན་བཟོ་སྐྲུན་གནང་མཁན་མི་མང་དཀྱུས་མ་ཚོར་སེམས་ཤུགས་སྦྱིན་རྒྱུའི་ཆེད་དུ་ཡིན་འདུག་ཅིང་། ཚོགས་པ་དེ་ཉིད་ཀྱི་གོ་སྒྲིག་ཞུས་པའི་རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༩པ་དེ་ཁ་སྔོན་སྤྱི་ཟླ་བ༩པ་ནས་འགོ་འཛུགས་ཀྱིས་སྤྱི་ཟླ་༡༡ཚེས་༤ཉིན་འཇུག་སྒྲིལ་གནང་པ་རེད།