བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་བགྲོ་གླེང་གནང་རྒྱུ།
འདི་ག་རླུང་འཕྲིན་ཁང་གིས་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་རྣམ་པའི་བར་དམིགས་བསལ་བགྲོ་གླེང་གོ་སྒྲིག་བྱེད་བཞིན་ཡོད།
-
2016-03-02 -
-
-
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་དམིགས་བསལ་ལས་རིམ་ཁ་ཤས་གོ་སྒྲིག་ཞུ་རྒྱུ་ཡིན་ན། ཕྱི་ཟླ་༣པའི་ཚེས་༧ནས་ཚེས་༡༧བར་ཉིན་ལྟར་བཞུགས་སྒར་རྡ་རམ་ས་ལ་ནས་ཆོལ་ཁ་དང་ཆོས་ལུགས་ཁག་གི་སྤྱི་འཐུས་དངོས་གཞིའི་འོས་མི་རྣམ་པའི་བར་བགྲོ་གླེང་དང་། དེ་བཞིན་ཆབ་སྲིད་ཉམས་ཞིབ་པ་ཁག་ཅིག་དང་ལྷན་དུ་འོས་བསྡུ་ཆེན་མོའི་སྐོར་ལ་བགྲོ་གླེང་ཆུ་ཚོད་གཉིས་རིང་ཞུ་རྒྱུ་ཡིན་པ་དེ་དག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་དང་། དྲ་རྒྱའི་ཐོག་ཐད་ཀར་རྒྱང་སྲིང་ཞུ་གི་ཡིན།
དེ་བཞིན་ཕྱི་ཟླ་༣ཚེས་༡༡ཉིན། སྲིད་སྐྱོང་འོས་དམིགས་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་། སྲིད་སྐྱོང་འོས་དམིགས་ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་བར་བགྲོ་གླེང་ཞིག་འདི་ནས་གྲ་སྒྲིག་ཞུས་ཡོད།
ཕྱི་ཟླ་༣པའི་ཚེས་༧ཉིན་མདོ་སྨད་ཆོལ་ཁའི་སྤྱི་འཐུས་འོས་མི་ཚོ་ཁག་དང་པོ་དང་ལྷན་དུ་བགྲོ་གླེང་ཞུ་རྒྱུ། དེ་ནས་ཕྱི་ཟླ་༣ཚེས་༩ཉིན་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་ཚོ་ཁག་དང་པོ་དང། ཕྱི་ཟླ་༣པའི་ཚེས་༡༢ཉིན་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མི་ཚོ་ཁག་དང་པོ། ཕྱི་ཟླ་༣ཚེས་༡༣ཉིན་ཆོས་ལུགས་ཁག་གི་སྤྱི་འཐུས་འོས་མི་ཚོ་ཁག་དང་པོ་བཅས་དང་ལྷན་བགྲོ་གླེང་ཞུ་རྒྱུ་ཡིན།
དེ་ནས་མུ་མཐུད་དུ། ཕྱི་ཟླ་༣ཚེས་༡༤ཉིན་མདོ་སྨད་སྤྱི་འཐུས་འོས་མི་ཚོ་ཁག་གཉིས་པ་དང། ཕྱི་ཚེས་༡༥ཉིན་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་ཚོ་ཁག་གཉིས་པ། དེ་ནས་ཕྱི་ཚེས་༡༦ཉིན་མདོ་སྟོད་སྤྱི་འཐུས་འོས་མི་ཚོ་ཁག་གཉིས་པ། ཕྱི་ཚེས་༡༧ཉིན་ཆོས་ལུགས་ཁག་གི་སྤྱི་འཐུས་འོས་མི་ཚོ་ཁག་གཉིས་པ་བཅས་དང་ལྷན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་བགྲོ་གླེང་རིམ་བཞིན་ཞུ་རྒྱུའི་འཆར་གཞི་ཡོད་པས། ང་ཚོའི་བརྙན་འཕྲིན་དང་རླུང་འཕྲིན་གསན་གཟིགས་གནང་མཁན་ཡོངས་ནས་དེ་དོན་དགོངས་འཇགས་ཡོང་བ་ཞུ།
རིག་ལྡན་སྒྲོལ་མ།