རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོར་ཌེན་མག་གཞུང་གིས་ཁྲིམས་འགལ་དམ་དྲག་བྱེད་བཞིན་པའི་སྐྱོན་འཛུགས་བྱས་འདུག

ཌེན་ནག་ནང་རྒྱ་ནག་གི་དཔོན་རིགས་ཚོའི་གཟིགས་སྐོར་སྐབས་བོད་མི་གཙོས་ངོ་རྒོལ་བྱེད་མཁན་ཚོར་ཁྲིམས་འགལ་གྱི་དམ་དྲག་སྟངས་འཛིན་བྱེད་བཞིན་པ་ཐེར་འདོན་སྐྱོན་འཛུགས་བྱས་འདུག

ཌེན་མག་གི་རྒྱལ་སར་ས་གནས་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐབས། ༠༣།༡༠།༢༠༡༩ Reuters

དེ་ཡང་(AP)་སོགས་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌེན་མག་(Denmark)་གཞུང་གིས་བསྐོ་གཞག་བྱས་པའི་བོད་དོན་ཞིབ་འཇུག་ལྷན་ཚོགས་(Tibet Commission)་ཞེས་པའི་ཞིབ་འཇུག་ཚོགས་ཆུང་གིས་འདི་ཚེས་༢༨རེས་གཟའ་ཟླ་བའི་ཉིན་ཞིབ་འཇུག་སྙན་ཐོ་བཏོན་ནས། (Denmark)་ཕྱི་སྲིད་ལྷན་ཁང་དང་། གསང་བའི་བདེ་འཇགས་ལས་དོན་ཁང་གིས་རྒྱ་ནག་དཔོན་རིགས་(Denmark)་ནང་འཚམས་གཟིགས་སོགས་ཀྱི་སྐབས། རྒྱ་ནག་གཞུང་གི་གནོན་ཤུགས་འོག་རྒྱ་ནག་གི་དཔོན་རིགས་ཚོར་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོའི་ཐོག་ཁྲིམས་འགལ་ཡིན་པའི་ངོ་བོའི་ཐོག་ནས་བཀག་འགོག་བྱས་ཡོད་པ་ཐེར་འདོན་གྱིས་སྐྱོན་བརྗོད་བྱས་ཡོད་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། བོད་དོན་ཞིབ་འཇུག་ལྷན་ཚོགས་དེར་འབྲེལ་བ་བྱས་ཀྱང་མཐུད་ཐབས་མ་བྱུང་། ཡིན་ན་ཡང་ཌེན་མག་ནང་གནས་སྡོད་བྱེད་མཁན་གནས་ཚུལ་དེར་རྒྱུས་མངའ་ཡོད་མཁན་བསྟན་པ་ལགས་ཀྱིས་གསུང་ན། གནས་ཚུལ་དེའི་འབྱུང་རྩ་༢༠༡༢ལོར་རྒྱ་ནག་གི་དཔོན་རིགས་ཌེན་མག་ནང་གཟིགས་སྐོར་དང་ཚོང་འབྲེལ་གྱི་གྲོས་མཐུན་བཞག་སྐབས་ངོ་རྒོལ་བྱེད་མཁན་ཚོ་བཀག་སྡོམ་དང་དམ་དྲག་བྱས་བར་བརྟེན། ཌེན་མག་གཞུང་གིས་ངོ་རྒོལ་ལས་འགུལ་བའི་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་བཞིན་འདུག་ཞེས་ཁྲིམས་གཏུག་བྱས་ཀྱང་དེར་ངོས་ལེན་མ་བྱས་བར་བརྟེན་རྙོག་དྲ་ཇེ་ཆེར་སོང་བ་དང་། རྗེས་སུ་ཌེན་མག་གཞུང་གིས་བོད་དོན་ཉམས་ཞིབ་ལྷན་ཁང་དེ་འཛུགས་དགོས་བྱུང་བ་རེད། ཉམས་ཞིབ་ལྷན་ཁང་དེས་འདས་བའི་གནས་ཚུལ་ལ་ཞིབ་འཇུག་དང་འབྲེལ་ད་རེས་སྙན་ཐོ་བཏོན་པ་ཐེངས་གཉིས་དེ་རེད། ད་རེས་སྙན་ཐོ་བཏོན་རྗེས་ཌེན་མག་གི་འབྲེལ་ཡོད་ལྷན་ཁག་གསུམ་གྱིས་མཉམ་དུ་དེ་སྔ་ནོར་འཁྲུལ་བཟོས་ཡོད་པ་ངོས་ལེན་གནང་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ནང་གསལ་ལྟར་ན། ཞིབ་འཇུག་ལྷན་ཚོགས་དེས་༡༩༩༥ནས་༢༠༡༣བར་རྒྱ་ནག་གི་དཔོན་རིགས་ཌེན་མག་ནང་འཚམས་གཟིགས་སུ་ཡོང་བའི་སྐབས་འབྲེལ་བ་ཡོད་པའི་(Denmark)་གཞུང་གི་དཔོན་རིགས་ཚོས་ལས་དོན་སྟངས་འཛིན་བྱེད་ཕྱོགས་དང་། ལྷག་པར་དུ་ཕྱི་ལོ་༢༠༡༢ལོར་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཌེན་མག་ནང་གཞུང་འབྲེལ་འཚམས་འདྲིར་ཡོང་བའི་སྐབས་ཀྱི་དོན་རྐྱེན་ཁག་ལ་དམིགས་བསལ་ཞིབ་འཇུག་བྱས་ཡོད་པ་དང་། ཌེན་མག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཌེན་མག་གསང་བའི་ལས་ཁུངས་དང་མཉམ་འབྲེལ་གྱིས་རྒྱ་ནག་གི་དཔོན་རིགས་ཚོར་ངོ་སྲུང་བྱས་བ་དེ་ནི། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་སྨྲ་བརྗོད་རང་དབང་ལ་སོགས་པའི་ཁྲིམས་དོན་དང་། ཡང་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དང་འགལ་འཛོལ་ཡིན་པའི་ཉེས་བ་ཡོད་པའི་སྐྱོན་འཛུགས་བྱས་འདུག
ད་དུང་(Denmark)་གྱི་གསང་བ་དང་བདེ་འཇགས་ལྷན་ཁང་གིས་ཀྱང་རྒྱ་ནག་གི་མངོན་འདོད་བསྒྲུབ་རྒྱུའི་ཆེད་དུ། ངོ་རྒོལ་ལས་འགུལ་སྤེལ་མཁན་དང་རྒྱ་ནག་གི་དཔོན་རིགས་ཚོར་གདོང་ཐུག་མི་ཡོང་བའི་བྱ་ཐབས་ལག་བསྟར་བྱས་པ་དཔེར་ན། ༢༠༡༢ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཌེན་མག་ནང་ཡོང་སྐབས། བོད་མི་དང་རྒྱ་རིགས་ཧྥ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་པ་སོགས་ངོ་རྒོལ་བྱེད་མཁན་རྣམས་ཉེན་རྟོག་པའི་མོ་ཊའི་རྒྱབ་ཏུ་བཀག་ནས་རྒྱ་ནག་གི་དཔོན་རིགས་ལ་མཐོང་དུ་མ་བཅུག་པ་དང་། བོད་པའི་རྒྱལ་དར་ངོ་རྒོལ་བ་ཚོའི་ལག་ནས་འཕྲོག་པ་ལ་སོགས་པ་ཁྲིམས་འགལ་གྱི་ལས་དོན་སྤེལ་བ་ཐེར་འདོན་བྱས་ཡོད་པ་རེད།

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org