བོད་ནང་གི་རྭ་རྒྱ་དགོན་གྲོང་གཉིས་ནང་སྤྲིན་པ་གས་འཐོར་རྐྱེན་གྱིས་ཆུ་ལོག་བྱུང་སྟེ་རྒྱུ་ནོར་ལ་གོད་ཆགས་བྱུང་ཡོད་འདུག
ཕྱི་ཟླ་༨ཚེས་༩ཉིན་གྱི་བོད་ནང་གི་ཕྱི་དྲོ་ཙམ་ལ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཨ་མྱེ་ཁྱུང་མགོན་གྱི་ལུང་པའི་ནང་། དྲག་ཆར་དང་སྤྲིན་པ་གས་འཐོར་བྱུང་སྟེ་ཡུལ་དེའི་རྭ་རྒྱ་དགོན་གྲོང་གཉིས་ནང་ཆུ་ལོག་གིས། ཁང་པ་ཆུས་ཁེངས་པ་དང་རླངས་འཁོར་དང་ཅ་དངོས་རིགས་ཆུས་འཁུར་བའི་གནས་སྟངས་འོག་རྒྱུ་ནོར་ལ་གོད་ཆགས་བྱུང་ཡོད་འདུག
- 2023-08-10
-
-
-
Your browser doesn’t support HTML5 audio
ཕྱི་ཟླ་༨ཚེས་༩ཉིན་བོད་ནང་གི་ཕྱི་དྲོ་ཙམ་ལ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཨ་མྱེ་ཁྱུང་མགོན་གྱི་ལུང་པའི་ནང་། དྲག་ཆར་དང་སྤྲིན་པ་གས་འཐོར་བྱུང་སྟེ་ཡུལ་དེའི་རྭ་རྒྱ་དགོན་གྲོང་གཉིས་ནང་ཆུ་ལོག་གིས། ཁང་པ་ཆུས་ཁེངས་པ་དང་རླངས་འཁོར་དང་ཅ་དངོས་རིགས་ཆུས་འཁུར་བའི་གནས་སྟངས་འོག་རྒྱུ་ནོར་ལ་གོད་ཆགས་བྱུང་ཡོད་ན་ཡང། ད་ལྟའི་ཆར་མི་སྣ་ལ་ཤི་རྨས་ཐེབས་པའི་གནས་ཚུལ་མེད་པ་དང་། རྒྱ་ནག་གཞུང་གིས་ས་གནས་ཀྱི་ཆུ་ལོག་དང་འབྲེལ་བའི་པར་དང་བརྙན་སོགས་དྲ་ལམ་ཁག་ཏུ་རྒྱུད་སྤེལ་ཐད་དམ་དྲགས་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ།ཆུ་ལོག་དེ་གཙོ་བོ་རྭ་རྒྱ་དགོན་པའི་རྒྱབ་རི་ཨ་མྱེ་ཁྱུང་མགོན་ནང་སྤྲིན་པ་གས་འཐོར་རྐྱེན་གྱིས་བྱུང་ཡོད་པ་དང་། ཉེ་འདབས་སུ་ཆགས་པའི་དགོན་གྲོང་གཉིས་ནང་ཆུ་ལོག་ཤུགས་ཆེན་རྒྱུགས་ཡོད་ཀྱང་། ཆར་བ་འབབ་མཚམས་ཆད་རྗེས་རྒྱ་ནག་གཞུང་འབྲེལ་རོགས་སྐྱོར་མི་སྣ་ཉེ་འཁོར་ས་གནས་སུ་བསླེབས་ཡོད་པ་དང་། དེ་འབྲེལ་བརྙན་ཁག་ཅིག་དྲ་ལམ་དུ་ཁྱབ་བཞིན་པའི་ནང་ཆུ་ལོག་གིས་དགོན་པའི་འདུ་ཁང་ཞིག་གི་སྐེད་མཚམས་བར་ཆུས་ཁེངས་ཡོད་པ་དང་། འཁོར་ཁང་ཁག་ཏུ་ཆུས་ཁེངས་བཞིན་པ་མ་ཟད། ལམ་འགྲམ་ཁག་ཏུ་ཡོད་པའི་རླངས་འཁོར་ཆུ་ལོག་གིས་འཁུར་བཞིན་པ་སོགས་མཐོང་རྒྱུ་འདུག
ཕྱི་ཚེས་༩ཉིན་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས། རྨ་ཆེན་རྫོང་རྭ་རྒྱ་ཕྱོགས་སུ་དྲག་ཆར་ཡོང་རྒྱུའི་ཉེན་བརྡ་རིམ་པ་གཉིས་པའི་མཚོན་མདོག་སེར་པོ་བཏང་ཡོད་པ་དང་། ཉེན་བརྡའི་ནང་ཆུ་ལོག་དང་རི་ཉུལ་འདམ་ཉུལ་སོགས་ཡོང་རྒྱུའི་ཉེན་ཁ་ཡོད་སྐོར་བསྒྲགས་ཡོད་འདུག་ལ། འབྲེལ་ཡོད་གཞན་ཞིག་ནས་ཆུ་ལོག་དེ་རྭ་རྒྱ་གྲོང་རྡལ་གཅིག་པུ་ལས་ཉེ་འཁོར་ས་གནས་གཞན་ཁག་དང་འབྲོག་ས་སོགས་སུ་ཆར་བ་ཅུང་ཙམ་བབས་པ་ལས། ཆུ་ལོག་དང་དྲག་ཆར་རིགས་ཀྱི་གནོན་སྐྱོན་བྱུང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
མགོ་ལོག་རྭ་རྒྱ་གྲོང་རྡལ་ནང་དེ་སྔ་ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་༨ནང་ཆུ་ལོག་རྐྱེན་གྱིས་རི་ཉུལ་བྱུང་སྟེ་མི་གྲངས་༩ས་འོག་ཏུ་ཤོར་བ་དང་། མི་མང་གི་སྡོད་ཁང་ལ་བརྡིབ་སྐྱོན་དང་ལམ་ཁ་ཆད་པ་སོགས་ཀྱི་གནས་ཚུལ་བྱུང་མྱོང་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༢༡ལོར་སླར་ཡང་རྨ་ཆེན་རྫོང་དུ་དྲག་ཆར་དང་ཆུ་ལོག་རྐྱེན་གྱིས་ཕྱུག་ཟོག་ལ་འཆི་སྐྱོན་དང་། ཡུལ་མིའི་ཁང་པའི་ནང་དུ་ཆུས་ཁེངས་པ་སོགས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཤུགས་ཆེན་ཐེབས་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།