རྒྱ་དཀར་ནག་གི་ས་མཚམས་ཀྱི་དཀའ་ངལ་ཁྲོད་ཐོག་མར་བོད་ཀྱི་དཀའ་ངལ་སེལ་དགོས།

རྒྱ་ནག་གིས་རྒྱ་གར་དང་ས་ཐག་ཉེ་བའི་བོད་ནང་དེང་རབས་ཅན་གྱི་སྤོ་བསྐྱེལ་སྟབས་བདེ་གོ་མཚོན་དཔུང་འཇོག་བྱས་བར་རྒྱ་གར་གྱིས་དོ་སྣང་བྱེད་བཞིན་ཡོད་འདུག

རྒྱ་ནག་གིས་བོད་ནང་དམག་སྦྱོང་སྐབས། ༢༠༡༨ china-defense.blogspot.com

རྒྱ་ནག་གིས་རྒྱ་གར་དང་ས་ཐག་ཉེ་བའི་བོད་ནང་དེང་རབས་ཅན་གྱི་སྤོ་བསྐྱེལ་སྟབས་བདེ་གོ་མཚོན་དཔུང་འཇོག་བྱས་བར་རྒྱ་གར་གྱིས་དོ་སྣང་བྱེད་བཞིན་ཡོད་འདུག
དེ་ཡང་(PTI) གསར་ལས་ཁང་གིས་(Gobal Times)ཞེས་པ་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར། རྒྱ་ནག་བཅིངས་འགྲོལ་དམག་གིས་བོད་དང་རྒྱ་གར་ས་མཚམས་ས་ཁུལ་དུ་དཔུང་འཇོག་བྱས་པའི་(PLC 181)རྟགས་ཅན་གྱི་འགྲུལ་འཁོར་ཐོག་སྟེགས་པའི་མེ་སྒྱོགས་དང་། དེང་རབས་ཅན་གྱི་སྤོ་བསྐྱེལ་སྟབས་བདེ་གོ་མཚོན་དཔུང་འཇོག་བྱས་ཡོད་པའི་གནས་ཚུལ་ཐད་འདི་ག་རླུང་འཕྲིན་ཁང་གིས་རྒྱ་དཀར་ནག་གཉིས་ཀྱི་ཐོག་ཉམས་ཞིབ་པ་ལྡི་ལི་(JNU) གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤེ་རི་ཀནཊ་ཀོན་ཊ་པ་ལི་མཆོག་ལ་བཅར་འདྲི་བྱས་སྐབས། ཁོང་གིས་དོན་ལ་རྒྱ་ནག་གཞུང་གིས་ད་རེས་ས་མཚམས་སུ་མེ་སྒྱོགས་གསར་པ་དཔུང་འཇོག་བྱས་པ་འདི་ནི་གཞི་རྩའི་རྒྱ་ནག་གཞུང་གིས་གོ་མཚོན་ཡར་རྒྱས་ཀྱི་འཆར་གཞི་ཞིག་ཡིན་ཅིང་། ༢༠༡༥ ལོ་ནས་བཟུང་དེང་རབས་ཅན་གྱི་དྲག་པོའི་གོ་མཚོན་ཡར་རྒྱས་གཏོང་དང་གཏོང་མུས་དེའི་ཆ་ཤས་ཤིག་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་ཐེ་ཝན་དང་རྒྱ་ནག་ལྷོ་ཕྱོགས་མཚོ་གླིང་བཅས་ལ་དམིགས་པ་ཞིག་ཡིན་ཡང་རྒྱ་གར་དང་ས་ཐག་ཉེ་བའི་བོད་ཀྱི་ས་མཚམས་སུ་དེང་རབས་ཅན་གྱི་མེ་སྒྱོགས་བཞག་པ་དེས་རྒྱ་གར་གྱིས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡིན་ཡང་དེ་ཙམ་གྱི་ཉེན་ཚབས་ཅན་ཞིག་མ་རེད། གང་ལཊ་ཞེ་ན། རྒྱ་གར་ནས་ཀྱང་ལོ་ཤས་གོང་ཨ་མི་ར་ཀ་དང་མཉམ་དུ་མེ་སྒྱོགས་ཉོ་རྒྱུའི་གྲོས་མཐུན་བཞག་ཡོད་པ་གཞིར་བཟུང་ས་མཐོའི་ཐོག་བེད་སྤྱོད་བྱེད་བདེའི་མེ་སྒྱོགས་ལྗིད་ཚད་ཡང་བ་དེ་འདྲ་ས་མཚམས་སུ་འོར་འདྲེན་བྱ་མུས་རེད་ཅེས་གསུང་གནང་བྱུང་།
ཡང་ཁོང་གིས་རྒྱ་དཀར་ནག་གཉིས་ཀྱི་བར་འབྲོག་ལམ་གྱི་རྙོག་གླེང་མཚམས་འཇོག་བྱུང་བའི་རྗེས་ལ་ད་དུང་ཡང་ས་མཚམས་ཀྱི་དཀའ་རྙོག་མུ་མཐུད་འཕྲད་བཞིན་པ་འདི་ནི་ཕྱོགས་གཉིས་ཀས་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་ས་ཁུལ་ཐད་ལ་ལངས་ཕྱོགས་མཁྲེགས་བཟུང་བྱེད་བཞིན་པར་བརྟེན་ནས་ལྷག་པ་ཞིག་རེད་ཅེས་དང་། ས་མཚམས་ཀྱི་དཀའ་རྙོག་དེའི་ཐད་ལ་བོད་དེ་གནད་དོན་གཙོ་བོ་ཞིག་ཆགས་ཡོད་པ་ནི་བོད་ཀྱི་སྐུ་ཚབ་རྣམ་པས་༡༩༡༤ལོའི་སིམ་ལའི་གྲོས་མོལ་ནང་མཉམ་བཞུགས་བྱས་ཡོད་པ་མ་ཟད། ད་ལྟ་དཀའ་རྙོག་ཡོད་པའི་ས་ཁུལ་མང་ཆེ་བ་ཞིག་དེ་སྔ་རྒྱ་གར་དང་བོད་ཀྱི་ས་མཚམས་ཆགས་ཡོད་པར་སོང་བོད་ཀྱི་དཀའ་རྙོག་སེལ་དགོས་པ་དེ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་དཀའ་ངལ་དང་འབྲེལ་བ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ་ཨྱོན་བསྟན་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org