བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་སྒྲུབ་བྱེད་བཀོད་ཐུབ་པར་བསྔགས་བརྗོད།

བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་ཡིན་པའི་སྒྲུབ་བྱེད་བཀོད་ཐུབ་པར་བསྔགས་བརྗོད་ཡོད་ཅེས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱི་ཕྱག་དེབ་དབུ་འབྱེད་སྐབས་གསུངས་འདུག

དགའ་ལྡན་གྲྭ་བག་གྲོ་ལགས་ཀྱི་ཕྱག་དེབ་དབུ་འབྱེད་སྐབས། ༢༠༡༩།༤།༣ RFA

བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་ཡིན་པའི་སྒྲུབ་བྱེད་བཀོད་ཐུབ་པར་བསྔགས་བརྗོད་ཡོད་ཅེས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱི་ཕྱག་དེབ་དབུ་འབྱེད་སྐབས་གསུངས་འདུག
ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་རྩོམ་སྒྲིག་གནང་བ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པའི་ལོ་རྒྱུས་ཡིག་ཚགས་ཀྱི་དེབ་ཞིག་སྤྱི་ཚེས་༣ཉིན་མོར་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ནས་དབུ་འབྱེད་དང་འབྲེལ་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མ་ཡིན་པར་དོན་དམ་སྒྲུབ་བྱེད་བཀོད་ནས། ང་ཚོར་ཐུན་མོང་མ་ཡིན་པའི་རྒྱལ་རྟགས་དང་རྒྱལ་དར། རྒྱལ་གླུ་དང་དམག སྦྲག་ཐམ་ཡོད་པ། རྒྱལ་ཁབ་གང་དག་དང་ལྷན་ཆིངས་ཡིག་བཞག་པ་དེ་འདྲའི་ཐོག ང་ཚོའི་ཕྱི་སྲིད་ལས་ཁུངས་ཀྱིས་གང་དག་ལ་ཡི་གེ་བཏང་བ་ལ་སོགས་གནད་དོན་མང་པོ་ཅིག་དཀའ་ལས་བརྒྱབས་ནས་ཕྱོགས་བསྒྲིགས་གནང་བར་ལེགས་སོའི་བསྔགས་བརྗོད་དང་བཅས་གཏམ་བཤད་གནང་ཡོད།
གྲ་བག་གྲོ་ལགས་ཀྱིས། ཁོང་གིས་དེབ་དེ་འབྲི་དོན་ནི་རྒྱ་ནག་གི་སློབ་ཕྲུག་ཚོས་སྐབས་ཤིག་ཁོང་ལ། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པའི་དཔང་རྟགས་བསྟན་ཤོག་ཅེས་ངོ་རྒོལ་ཤུགས་ཆེ་བྱས་པ་དང་། རྒྱ་ནག་གཞུང་གིས་བོད་རྒྱ་ཁོངས་ཡིན་པའི་ཡིག་ཆ་དང་ལྟད་མོ་སྣ་ཚོགས་སུ་འཁྱོག་བཤད་བྱས་པ་བཅས་ལ་ལན་འདེབས་དང་། འབྱུང་འགྱུར་མི་རབས་གསར་པ་ཚོར་ལོ་རྒྱུས་ཀྱི་ཡིག་ཆ་རྩིས་སྤྲོད་ཆེད་ཡིན་ལུགས་ངོ་སྤྲོད་གནང་གི་འདུག་ཅིང་། དེབ་དེ་ནི་སྤྱི་ལོ་༢༠༡༦ལོ་ནས་འགྲེམས་སྤེལ་གནང་ཡོད་ནའང་དེའི་ནང་ལོ་རྒྱུས་རང་བཞིན་གྱི་འདྲ་པར་དང་ཡིག་ཚགས་སྣ་ཚོགས་ཤིག་ཡོད་པ། ཚོན་ཁྲ་ཅན་དུ་བསྐྱར་པར་གནང་ཡོད་པ་རེད། ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ནི། སྤྱི་ལོ་༡༩༨༨ལོར་ལྷ་སར་བོད་དོན་ལས་འགུལ་ནང་ཞུགས་ཏེ། རྒྱ་ནག་གཞུང་གིས་ལོ་གསུམ་ལྷག་བཙོན་འཇུག་དང་གློད་གྲོལ་བརྒྱུད་སྤྱི་ལོ་༡༩༩༡ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཏེ། བོད་དོན་ཁྱབ་སྤེལ་གྱི་དེབ་རིགས་མང་པོ་ཅིག་བྲིས་ཡོད་པའི་ཁོངས་ནས། ལོ་རྒྱུས་ཡིག་ཚགས་འདི་ནི་དེབ་ཕྲེང་༡༥དེ་ཆགས་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org