བོད་དར་ཅན་གྱི་ཚ་རླུང་ལྒང་ཕུག་ཧོ་ལེན་ཊེའི་དབྱིངས་སུ་བཏང་བ།
བོད་ཀྱི་རྒྱལ་དར་ཅན་གྱི་ཚ་རླུང་ལྒང་ཕུག་ཧོ་ལེན་ཊེའི་ལྒང་ཕུག་དུས་སྟོན་ནང་མཉམ་ཞུགས་བྱས་ཡོད་པ་རེད།
-
2016-08-19 -
-
-
Your browser doesn’t support HTML5 audio
བོད་ཀྱི་རྒྱལ་དར་ཅན་གྱི་ཚ་རླུང་ལྒང་ཕུག་ཧོ་ལེན་ཊེའི་ལྒང་ཕུག་དུས་སྟོན་ནང་མཉམ་ཞུགས་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༡༧་ཉིན་བོད་ཀྱི་རྒྱལ་དར་གྱི་ཚ་རླུང་ལྒང་ཕུག་དེ་ཧོ་ལེན་ཊེའི་ལྒང་ཕུག་དུས་སྟོན་ནང་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་དགའ་བསུ་བྱེད་དུ་སླེབས་ཡོད་པ་རེད།
དེ་ཡང་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཚེ་རིང་བྱམས་པ་ལགས་ཀྱིས་བོད་ཀྱི་རྒྱལ་དར་གྱི་ལྒང་ཕུག་དེ་ཧོ་ལེན་ཊེའི་ས་གནས་ལ་འཕུར་ཐུབ་པར། བོད་མི་རྣམས་ལ་ཚོར་བ་རྣོན་པོ་ཞིག་སྐྱེས་ཡོད་པ་དང་། བོད་ནང་ལ་བོད་ཀྱི་རྒྱལ་དར་དེ་བཀག་སྡོམ་བྱེད་ཀྱི་ཡོད་ཀྱང་དུས་སྟོན་གོ་སྒྲིག་པས་བོད་ཀྱི་རྒྱལ་དར་གྱི་ལྒང་ཕུག་མཉམ་ཞུགས་བྱེད་བཅུག་པར་བཀའ་དྲིན་ཆེན་པོ་ཡིན་སྐོར་བརྗོད་འདུག
བོད་ཀྱི་ལྒང་ཕུག་གི་ལས་གཞི་འགོ་འཛུགས་གནང་མཁན་ཧེ་ཝན་(Heaven Crawley)་དང་པོལ་(Paul Dopson)་གཉིས་ལ་ཡང་ཐུགས་རྗེ་ཆེ་ཞུས་འདུག
བོད་ཀྱི་ལྒང་ཕུག་ལས་གཞི་དེ་ཐོག་མར་ལྕམ་ཧེ་ཝན་དང་སྐུ་ཞབས་པོལ་གཉིས་ནས་ཚ་རླུང་ལྒང་ཕུང་ཐོག་བོད་ཀྱི་རྒྱལ་དར་བཏགས་ནས་འཕུར་གྱི་ཡོད་པ་དང་། སྐབས་དེར་མི་མང་པོས་རྒྱལ་དར་སྐོར་སྐད་ཆ་འདྲི་ཡི་ཡོད་པས། ཁོང་གཉིས་ཀྱིས་བོད་དོན་ཁྱབ་བསྒྲགས་ཡོང་ཆེད་བོད་ཀྱི་རྒྱལ་དར་གྱི་ལྒང་ཕུག་ཅིག་བཟོས་ནས་གནམ་ལ་འཕུར་རྒྱུའི་བསམ་བློ་རྙེད་དེ་དུས་ཚོད་རིང་པོར་འཆར་གཞི་དང་ལས་གཞིའི་ཆེད་ཞལ་འདེབས་སློང་མཐར་ཕྱི་ལོ་༢༠༡༥་ལོའི་ཟླ་༦་པའི་ཚེས་༡༡་ཉིན་དབུ་འབྱེད་ཀྱི་མཛད་སྒོ་ཡུ་རོབ་སི་པན་སུ་ཚོགས་པ་དང་། འཇམ་དབྱངས་བཀྲ་ཤིས་རྡོ་རྗེ་རིན་པོ་ཆེས་ལྒང་ཕུག་དེར་བཀྲ་ཤིས་རྒྱལ་མཚན་ཞེས་མིང་བཏགས་ནས། གནམ་ལ་ཐེངས་དང་པོར་འཕུར་ཡོད་པ་རེད།
ད་བར་བོད་རྒྱལ་དར་གྱི་ལྒང་ཕུག་དེ་ཧྥ་རན་སི་དང་། ཨི་ཊ་ལི། སི་པན། དབྱིན་ཡུལ། ཧོ་ལེན་ཊ་བཅས་ཀྱི་ལྒང་ཕུག་དུས་སྟོན་ནང་མཉམ་ཞུགས་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༡༡་པའི་ནང་མེག་སི་ཀོ་ལ་འཕུར་རྒྱུ་ཡིན་འདུག
བོད་ཀྱི་རྒྱལ་དར་གྱི་ལྒང་ཕུག་དེར་རྒྱ་ནག་གིས་གནོན་ཤུགས་སྤྲོད་ཐབས་ཐེངས་མང་བྱས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༡༥་ལོའི་ཟླ་༧་པའི་ནང་གི་དབྱིན་ཡུལ་བྷེ་རི་སེ་ཊོལ་རྒྱལ་སྤྱིའི་ལྒང་ཕུག་དུས་སྟོན་སྐབས། གོ་སྒྲིག་པ་ཚོར་རྒྱ་ནག་གཞུང་ཚབ་བརྒྱུད་གནོན་ཤུགས་སྤྲད་ཡོད་ཀྱང་། ལྒང་ཕུག་གནམ་ལ་འཕུར་བར་བཀག་འགོག་བྱེད་ཐུབ་མེད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།