རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིར་དྲག་གནོན་བྱེད་བཞིན་པ་དེ། ཨོ་གླིང་གཞུང་ནས་རྒྱལ་མཚམས་བརྒལ་བའི་དྲག་གནོན་དུ་ངོས་འཛིན་དགོས་པའི་འབོད་སྐུལ་ཞུས་འདུག
རྒྱ་ནག་གཞུང་གིས་ལོ་མང་རིང་བོད་ནང་གི་བོད་མིའི་གཞི་རྩའི་རང་དབང་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བཙན་གནོན་ལ་མ་བཟོད་པར་ཕྱི་རྒྱལ་རང་དབང་ལུང་པར་བྲོས་བྱོལ་དུ་ཕེབས་པའི་བོད་མི་རྣམས་ལའང་རྒྱ་ནག་གཞུང་གིས། བོད་མི་དེ་དག་གི་ཉིན་རེའི་འཚོ་བའི་བྱ་གཞག་ཁག་ལ་སོ་ལྟ་དང་སྨྲ་བརྗོད་རང་དབང་སོགས་ལ་དབང་འཛིན་སོགས་བྱེད་བཞིན་པ་ནི། ལོ་རེ་བཞིན་ཤུགས་ཆེར་འགྲོ་བཞིན་པས་བོད་མི་འཐབ་རྩོད་པ་རྣམས་ནས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་སྲིད་བྱུས་ལས་ཕྱི་རྒྱལ་གནས་སྡོད་བོད་མི་རྣམས་སྲུང་སྐྱོབ་དགོས་སྐོར་འབོད་སྐུལ་ཞུ་བཞིན་ཡོད།
- 2025-02-24
-
-
-
རྒྱ་ནག་གཞུང་གིས་ལོ་མང་རིང་བོད་ནང་གི་བོད་མིའི་གཞི་རྩའི་རང་དབང་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བཙན་གནོན་ལ་མ་བཟོད་པར་ཕྱི་རྒྱལ་རང་དབང་ལུང་པར་བྲོས་བྱོལ་དུ་ཕེབས་པའི་བོད་མི་རྣམས་ལའང་རྒྱ་ནག་གཞུང་གིས། བོད་མི་དེ་དག་གི་ཉིན་རེའི་འཚོ་བའི་བྱ་གཞག་ཁག་ལ་སོ་ལྟ་དང་སྨྲ་བརྗོད་རང་དབང་སོགས་ལ་དབང་འཛིན་སོགས་བྱེད་བཞིན་པ་ནི། ལོ་རེ་བཞིན་ཤུགས་ཆེར་འགྲོ་བཞིན་པས་བོད་མི་འཐབ་རྩོད་པ་རྣམས་ནས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་སྲིད་བྱུས་ལས་ཕྱི་རྒྱལ་གནས་སྡོད་བོད་མི་རྣམས་སྲུང་སྐྱོབ་དགོས་སྐོར་འབོད་སྐུལ་ཞུ་བཞིན་ཡོད།
དེ་ཡང་བོད་མི་ཆབ་སྲིད་བཙོན་ཟུར་མང་དག་ཅིག་བཅའ་སྡོད་བྱ་སའི་ཨོ་གླིང་རྒྱལ་ཁབ་ཏུའང་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པའི་ཐད། ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཛོཡི་བེཊ་ཕོཊ་ (Zoe Bedford) ལགས་ཀྱིས། ཨོ་གླིང་གནས་སྡོད་བོད་མི་རྣམས་ནི་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་དངོས་སུ་མེད་ཀྱང་། བོད་མི་དེ་དག་གིས་ད་ཆའང་རྒྱ་ནག་གི་དྲག་གནོན་ཚོར་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཛོ་ཡི་ལགས་ནས་ཕྱི་ལོ་ ༡༩༩༨ ནས་བོད་དོན་འཐབ་རྩོད་དང་འབྲེལ་ཕྱག་ལས་གནང་བའི་དུས་ཡུན་རིང་། རྒྱ་ནག་གཞུང་གིས་ས་གནས་སུ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པའི་གནད་དོན་ཐེངས་མང་བྱུང་ཡོད་ཀྱང་། དེར་གནས་ཡུལ་གཞུང་ནས་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་དུ་ངོས་འཛིན་གནང་མེད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་འདི་ཚེས་ ༡༣ ཉིན་ཨོ་གླིང་བོད་དོན་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་ཨོ་གླིང་དུ་སྤེལ་བཞིན་པའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་དང་། ལྷག་པར་ཉེ་ལམ་བོད་དིང་རི་ཁུལ་དུ་ཤུགས་ཚད་ ༧།༡ ཅན་གྱི་ས་ཡོམ་གྱི་གོད་ཆགས་རྐྱེན་མི་རྒྱུ་གཉིས་ལ་གྱོང་གུན་ཤུགས་ཆེ་་བྱུང་བའི་སྐབས་འདིར། རྒྱ་ནག་གཞུང་གིས་དིང་རིའི་གནོད་ཐེབས་ས་ཁུལ་ཁག་ཏུ་གནས་སྡོད་བོད་མི་རྣམས་ས་ཁུལ་གཞན་དུ་བཙན་གྱིས་གནས་སྤོ་བྱེད་བཞིན་པའི་གནས་སྟངས་སོགས་ཀྱི་སྐོར། ཨོ་གླིང་གྲོས་ཚོགས་མཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པར་སྙན་སེང་ཞུས་ཡོད་པ་རེད་འདུག
ཨོ་གླིང་གནས་སྡོད་བོད་མི་རྣམས་ཀྱི་ཐོག་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་ཡོད་ཀྱང་། ཨོ་གླིང་གཞུང་ངོས་ནས་ད་བར་གནད་དོན་དེའི་ཐད་དམིགས་བསལ་ལག་བསྟར་གང་ཡང་གནང་མེད་སྐོར། ཛོ་ཡི་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། ཨོ་གླིང་གཞུང་གིས་གནད་དོན་དེས་ཨོ་གླིང་གི་བདག་དབང་ཐད་ཉེན་ཁར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དེས་མི་སྒེར་གྱི་ཉིན་རེའི་འཚོ་བའི་ཁྲོད་ཉེན་ཁ་ཇི་ཙམ་བྱེད་བཞིན་པའི་ཐད་ཕལ་ཆེར་ཤེས་རྟོགས་གང་ལེགས་མེད་པ་ལྟར་སྣང་ལ། རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་དེ་དག་ལ་ཕྱི་རྒྱལ་གྱི་ཐེ་ཇུས་ཙམ་ཟེར་ན་གུ་ཡངས་དྲགས་ཤིང་། དེ་ལྟར་ངོས་འཛིན་བྱས་པ་དེས་དྲག་གནོན་བྱེད་མཁན་ཞིག་དམིགས་བསལ་མེད་པར་གོ་བ་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། གནད་དོན་དེ་གསར་པ་ཞིག་མིན་པར་ལོ་མང་གོང་ནས་འཕྲད་བཞིན་པ་ཞིག་ཡིན་ཡང་། གཞུང་ངོས་ནས་ད་བར་དེར་དོ་ནན་གྱིས་གདོང་ལེན་བྱས་པའི་གྲུབ་འབྲས་གང་ཡང་སོན་མེད་སྟབས། གནོད་འཚེ་བྱེད་མཁན་རྣམས་ལ་མ་འོངས་ལས་གཞི་དེ་དག་མུ་མཐུད་བྱ་རྒྱུར་བློ་ཁོག་བསྐྲུན་ངེས་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། དེ་ཡང་ཁོང་གིས། འདིར་གནས་སྡོད་བོད་པ་མང་པོ་ཞིག་གི་ནང་མི་བོད་ལ་ཡོད་སྟབས། རྒྱ་ནག་གཞུང་གིས་ཁོང་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་འཇིགས་སྐུལ་རྐྱེན་པས། བོད་མི་དེ་དག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མང་དག་གཅིག་ནང་འཛུལ་ཞུགས་གནང་ཐུབ་ཀྱི་མེད། ཁག་གཅིག་ནས་དེ་སྔ་བོད་དོན་ལས་འགུལ་ཁག་ཏུ་མཉམ་ཞུགས་གནང་བའི་རྒྱུ་མཚན་གྱིས། བོད་ནང་གནས་བཞུགས་འབྲེལ་ཡོད་ནང་མིར་རྒྱ་ནག་དཔོན་རིགས་ཁག་གིས་དམ་དྲག་བྱས་ཡོད་སྐོར་བོད་ནང་ནས་གནས་ཚུལ་འབྱོར་གྱི་ཡོད་པ་རེད། ཅེས་གསུངས།
ཕྱི་ལོ་ ༢༠༢༤ ནང་རྒྱ་ནག་གཞུང་གི་སྲིད་བློན་ལི་ཅང་ (Li Qiang) དང་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) གཉིས་ཨོ་གླིང་དུ་འབྱོར་སྐབས་དང་། ཕྱི་ལོ་ ༢༠༠༨ ལོར་པེ་ཅིང་དུ་རྒྱལ་སྤྱིའི་རྩེད་འགྲན་འགོ་མ་ཚུགས་གོང་གི་མེ་ལྕེ་ཨོ་གླིང་དུ་འཁྱེར་བའི་སྐབས། ཨོ་གླིང་དུ་གནས་སྡོད་བོད་མི་ཞི་བའི་ངོ་རྒོལ་བ་བརྒྱ་ཕྲག་བརྒལ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་ཅིང་། སྐབས་དེར་བོད་དོན་འཐབ་རྩོད་པ་རྣམས་ཀྱི་ཐོག་རྒྱ་ནག་རྒྱབ་སྐྱོར་བ་རྣམས་ཀྱིས་དྲག་ཤུགས་དང་བརྙས་བཅོས་བྱས་ཏེ་བོད་ཀྱི་རྒྱལ་དར་བཅད་བཏུབ་སོགས་གནད་དོན་ཛ་དྲག་ཅན་ཞིག་བྱུང་ཡོད་འདུག གནད་དོན་དེ་བཞིན་ཨོ་གླིང་གཞུང་ངོས་ནས་མཁྱེན་རྟོགས་ཡོད་ཀྱང་། སྐབས་དེར་དམིགས་བསལ་ལག་བསྟར་གང་ཡང་བྱས་མེད་པ་ཛོ་ཡི་ལགས་ཀྱིས་འདི་ལྟར་འགྲེལ་བརྗོད་གནང་གི་འདུག དེ་ཡང་ཁོ་གིས། བོད་དོན་རྒྱབ་སྐྱོར་བ་དང་རྒྱ་ནག་རྒྱབ་སྐྱོར་བའི་དབར་སྐབས་དེར་རྩོད་རྙོག་དང་། རྒྱ་རིགས་ཚོས་བོད་མི་དེ་དག་ལ་བརྙས་བཅོས་བྱེད་བཞིན་པར། ཉེན་རྟོག་པ་རྣམས་ནས་ཐད་ཀར་སྟངས་འཛིན་བྱས་ཡོད་ཀྱང་། གཞུང་ངོས་ནས་གནད་དོན་དེ་ལྟར་འཕྲད་བཞིན་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ཡང་མཁྱེན་རྟོགས་མེད་པ་གསལ་པོ་ཡིན་པ་རེད། ཨོ་གླིང་གི་ཕྱི་སྲིད་བློན་ཆེན་དང་གོང་རིམ་ལས་བྱེད་རྣམས་ནས་གནད་དོན་དེའི་ཐད་མཁྱེན་རྟོགས་ཡོད་པའི་ཐོག ཉེན་རྟོག་པ་རྣམས་ལ་གོ་རྟོགས་ཀྱི་ཟབ་སྦྱོང་སྤྲོད་རྒྱུ་གལ་ཆེན་ཡིན་ཡང་། གཞུང་ངོས་ནས་དེར་ནུས་པ་དམིགས་བསལ་འདོན་ཐུབ་ཀྱི་མེད་པ་མངོན་གསལ་ཐུབ་པ་ཡིན་ལ། ཉེ་ལམ་ཨོ་གླིང་དབུས་གཞུང་ནས་ཕྱི་རྒྱལ་ཐེ་ཇུས་འོག་མྱོང་དཀའ་ངལ་འཕྲད་མཁན་རྣམས་ཀྱི་ཆེད་རོགས་སྐྱོར་ལྟེ་གནས་འཛུགས་འཆར་ཡོད་དེར། བོད་མི་རྣམས་ལ་གལ་ཏེ་དེ་འབྲེལ་དཀའ་ངལ་འཕྲད་ཚེ་ལྟེ་གནས་ཁང་དེར་སྙན་གསེང་ཞུ་ཆོག་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། ངའི་བསམ་ཚུལ་ལ་དེ་ལྟར་དཔང་རྟགས་མཁོ་གྲུབ་བྱ་རྒྱུ་ལས་དངོས་སུ་གནོད་འཚེ་འཕོག་ཡུལ་རྣམས་ཀྱི་སྲུང་སྐྱོབ་ཐད་དོ་སྣང་བྱེད་ན་ལེགས། ཞེས་གསུངས་འདུག
མཐའ་མཇུག་ཏུ་ཛོ་ཡི་ལགས་ཀྱིས། བོད་མི་རྣམས་ཐག་རིང་ནས་ལ་ལུང་བརྒལ་ནས་རང་དབང་ལུང་པར་སླེབས་ཡོད་ཀྱང་། རང་དབང་ལྡན་པའི་ཐོག་སྡོད་རྒྱུ་མེད་པ་ནི་ཡིད་སྐྱོ་བའི་གནས་སྟངས་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་དེ་ཨོ་གླིང་ཙམ་མིན་པར། བོད་མི་གནས་སྡོད་བྱ་སའི་འཛམ་གླིང་ཡུལ་གྲུ་གང་སར་བྱེད་ཀྱི་ཡོད་པ་མ་ཟད། དེ་དོན་འདི་ཚེས་ ༡༢ ཉིན་སུད་སི་གཞུང་ནས་ཀྱང་ཐེར་དོན་གནང་སྟེ། རྒྱལ་སྤྱིའི་རིམ་པའི་ཐོག་ནས་རྒྱ་ནག་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་ལ་མཐུན་འགྱུར་བྱེད་མཁན་གྱི་རྒྱལ་ཁབ་ཚང་མར་ཕྱི་འབྲེལ་གྱི་ཐོག་ནས་ཡ་ལན་སྤྲོད་རྒྱུ་དང་། སུད་སིས་རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་བཟོད་སྒོམ་བྱ་རྒྱུ་མིན་པ་སོགས་གསལ་སྟོན་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༢ ཉིན། རྒྱ་ནག་གཞུང་ངོས་ནས་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཁེ་ན་ཌའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ ༢༠ ཐོག་རྒྱ་ནག་གིས་དཔལ་འབྱོར་གྱི་དམ་དྲག་དང་ཐོངས་མཆན་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དེའི་ལན་འདེབས་སུ། འདི་ཚེས་ ༢༤ ཉིན་ ཁེ་ན་ཌའི་གཞུང་གིས་རྒྱ་ནག་གཞུང་ངོས་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་མི་རྣམས་ལ་དྲག་གནོན་དང་། བཀག་སྡོམ་བྱེད་ཆེད་ཁེ་ན་ཌར་གནས་སྡོད་མི་རྣམས་ཀྱི་ནང་མི་དང་གྲོགས་པོ་བཅས་ལ་སྡིག་སྐུལ་དང་། འཚེ་བའི་ཉེས་ཆད་སོགས་བཀལ་ཡོད་པར་ཁེ་ན་ཌའི་གཞུང་ངོས་ནས་ནམ་ཡང་ངོས་ལེན་མེད་ཅེས་དང་། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ངོས་ནས་རྒྱ་ནག་གཞུང་གིས་ཉེས་ཆད་བཀལ་བའི་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་དང་ཆབས་ཅིག རྒྱ་ནག་ཏུ་གནས་སྡོད་ཁེ་ན་ཌའི་མི་སེར་རྣམས་ལ་རྒྱ་ནག་རྒྱལ་ནང་གི་ཁྲིམས་བཅད་སོགས་ཀྱི་བཙན་གནོན་དུ་མི་ཚུད་རྒྱུར་དོགས་གཟོན་དགོས་རྒྱུ་དང་། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ངོས་ནས་རྒྱ་ནག་ནང་བཀག་སྡོམ་ཉེས་ཆད་དེ་རིགས་ཀྱིས་གནོད་འཚེ་ཕོག་ཡུལ་གྱི་ཁེ་ན་ཌའི་མི་སེར་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་ནམ་ཡང་གྲ་སྒྲིག་ཡོད་སྐོར་གྱི་བསྒྲགས་གཏམ་ཞིག ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཞུང་འབྲེལ་དྲ་ཚིགས་སུ་བཀོད་འདུག མ་ཟད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཀྱང་། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་ཕྱི་ཕྱོགས་སུ་གནས་སྡོད་བོད་མི་རྣམས་ཀྱི་ཐོག རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་ནས་མང་གཙོའི་རྒྱལ་ཁབ་ཁག་གི་བོད་མི་དང་གྲངས་ཉུང་མི་རིགས་རྣམས་སྲུང་སྐྱོབ་བྱ་རྒྱུའི་འབོད་སྐུལ་ཞུས་འདུག །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།