རྒྱ་གར་གྲོས་ཚོགས་འོག་མའི་ནང་བོད་དོན་གླེང་འདུག

རྒྱ་གར་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་བོད་དོན་གླེང་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག

དེ་ཡང་ཚེས་༡༠འགྲོ་བ་མིའི་ཐོབ་ཐང་ཉིན་རྒྱ་གར་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་བྷཱ་རཏྱ་ཇན་ཏ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་Yashwant Sinha མཆོག་གིས་ཁ་སང་ཕྱི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བ་དང་སྟབས་བསྟུན་རྒྱ་གར་གྲོས་ཚོགས་འོག་མའི་ནང་བོད་ནང་རྒྱ་ནག་གཞུང་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག   དེ་ཡང་སྐུ་ཞབས་Yashwant Sinha མཆོག་གིས་གསུང་དོན་། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ རིང་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་རེད་།  དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་དཔུང་དམག་ཕོན་ཆེན་འགྲེམས་འཇོག་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་དང་།  བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་།  བོད་མི་གར་སོང་ཆ་མེད་དུ་གྱུར་བ་།  བོད་མི་འབྲོག་པ་རྣམས་བཙན་དབང་འོག་གནས་སྤོས་བྱེད་དུ་བཅུག་པ་།  བོད་ཀྱི་ཁོར་ཡུག་ཉམས་ཆག་གཏོང་བཞིན་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་བོད་མི་རྣམས་ད་ཆ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གི་ལམ་ནས་ཞི་རྒོལ་བྱེད་བཞིན་ཡོད་པ་རེད་། ད་དུང་རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དམ་བསྒྲགས་ཆེ་རུ་གཏོང་བཞིན་འདུག་ཅེས་སོགས་ཀྱི་གཏམ་བཤད་གནང་བ་མ་ཟད་།  རྒྱ་གར་གྲོས་ཚོགས་འོག་མས་བོད་མིའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་ཞུས་བ་དང་སྦྲགས་རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་ལ་ཉན་འཇོག་བྱས་ཏེ་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་དང་། བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་ཇུས་ལ་སྐྱོན་བརྗོད་གནང་དགོས་པའི་རེ་འདུན་ཤུགས་ཆེན་བཏོན་གནང་ཡོད་པ་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org