བོད་ནང་དབྱར་རྩྭ་དགུན་འབུའི་གོང་ཚད་སྔ་ལོ་ལས་ཅུང་ཡག་པ་རག་གི་ཡོད་འདུག

དེང་སྐབས་བོད་ནང་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་ཡིན་པ་དང་དབྱར་རྩྭ་དགུན་འབུའི་གོང་ཚད་སྔ་ལོ་ལས་ཅུང་ཡག་པ་རག་གི་ཡོད་འདུག

དབྱར་རྩྭ་དགུན་འབུ། བོད་འབྱོར།/RFA

ལོ་ལྟར་སྤྱི་ཟླ་ལྔ་པའི་ནང་ནག་ཆུ་དང་། རྔ་བ། ལི་ཐང་། ནང་ཆེན་མགོ་ལོག་སོགས་བོད་ཀྱི་ས་ཁུལ་མང་པོར་བོད་མི་ཞིང་འབྲོག་མང་ཚོགས་ཚོས་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སྐབས་ཡིན་པ་དང་། ས་གནས་ཁག་ཅིག་ནང་དབྱར་རྩྭ་དགུན་འབུ་བརྐོས་ནས་ས་གནས་དེ་གར་འབུ་ཉོ་མཁན་ཚོར་བཙོང་བཞིན་ཡོད་པ་དང་། སྔ་ལོ་དང་བསྡུར་ན་ད་ལོར་དབྱར་རྩྭ་དགུན་འབུའི་གོང་ཚད་མཐོ་བ་རག་གི་ཡོད་པ་ས་གནས་ཀྱི་དབྱར་རྩ་དགུན་འབུ་བརྐོ་མཁན་བོད་མི་ཁག་ཅིག་གིས་འགྲེལ་བརྗོད་གནང་བྱུང་།
ནག་ཆུ་ཕྱོགས་ཀྱི་དབྱར་རྩྭ་དགུན་འབུ་བརྐོ་མཁན་ཞིག་གིས་བརྗོད་ན། ཁོང་གིས་ཉིན་རེར་དབྱར་རྩ་རྐང་༧ནས་༨རག་གི་ཡོད་ཀྱང་། སྐབས་རེར་ཁ་བ་བབས་པ་སོགས་གནམ་གཤིས་ཀྱི་རྐྱེན་པས་འབུ་བརྐོ་བར་འགྲོ་མི་ཐུབ་པ་དང་། ཁག་ཅིག་ལ་ཉིན་རེར་འབུ་༢༠ནས་༣༠རག་བཞིན་པ་རེད། སྔ་ལོ་ས་གནས་ཀྱི་འབུ་ཉོ་མཁན་ལ་བཙོང་ན་འབུ་རེར་རྒྱ་སྒོར་༢༠ཙམ་ཡིན་པ་དང་ད་ལོ་༣༠ནས་༤༠ཙམ་རག་བཞིན་པ་བརྗོད་བྱུང་། སྤྱིར་ལོ་སྔོན་མར་དབྱར་རྩྭ་དགུན་འབུ་ཡག་ཤོས་རྒྱ་མ་གང་ལ་རྒྱ་སྒོར་ཁྲི་༡༨ཙམ་རག་ཡོད་འདུག
ནང་ཆེན་ཕྱོགས་ཀྱི་ཚོང་པ་ཞིག་གིས་གསུང་ན། ད་སྐབས་ནང་ཆེན་དང་རྫ་སྟོད་སོགས་སུ་ཁ་བ་མཐུག་པོ་བབས་པར་བརྟེན་ཉིན་མང་པོར་འབུ་བརྐོ་མ་ཐུབ་པའི་གནས་སྟངས་འོག་ཡོད་པ་རེད་འདུག

བོད་ནང་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སྐབས་སུ་རྒྱ་ནག་ནང་ཁུལ་ནས་རྒྱ་མི་མང་པོ་བོད་ནང་ཡོང་ནས་འབུ་ཉོ་བཙོང་བྱེད་མཁན་ཡོད་པ་རེད། སྐབས་རེར་བོད་མི་ཚོ་ཚོང་པའི་གཡོ་འོག་ལ་ཚུད་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་དང་། བོད་ཁུལ་དུ་དབྱར་རྩ་དགུན་འབུ་བརྐོ་སྐབས་རྩོད་རྙོག་འདྲ་མིན་ཡོང་གི་ཡོད་པར་བརྟེན་རྩོད་རྙོག་རིགས་བྱུང་ན་ཐག་གཅོད་བྱེད་ཕྱོགས་སོགས་ཀྱི་རྩ་འཛིན་སྒྲིག་གཞི་ཡང་འདྲ་མིན་བཟོས་ཡོད་འདུག

གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org