ཧོང་ཀོང་གིས་ལྦང་ཏན་ལ་ཐོངས་མཆན་མ་སྤྲད་པ།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་དམངས་གཙོ་དོན་གཉེར་བ་ཞིག་ལ་ཧོང་ཀོང་ནང་འགྲོ་བསྐྱོད་ཆོག་པའི་ཐོངས་མཆན་སྤྲད་མི་འདུག
-
2011-01-26 -
-
-
༄༅༎༡༩༨༩ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་དམངས་གཙོ་དོན་གཉེར་བའི་ངོ་རྒོལ་སྐབས་ཀྱི་འགོ་ཁྲིད་ལྦང་ཏན་གྱིས་ཧོང་ཀོང་ས་གནས་སྲིད་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མགོ་བོ་སྒུར་ནས་ཁོང་ལ་ཧོང་ཀོང་ནང་འགྲོ་བསྐྱོད་ཆོག་པའི་ཐོངས་མཆན་སྤྲད་མེད་པར་ངོ་རྒོལ་སྐྱོན་བརྗོད་གནང་འདུག།
དེང་སྐབས་ཐེ་ལྦན་ནང་གནས་བཞུགས་གནང་མཁན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལྦང་ཏན་གྱིས་ཧོང་ཀོང་དུ་ཟླ་བ་འདིའི་འགོ་སྟོད་འདས་གྲོངས་སུ་ཕྱིན་པའི་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སིཛེ་ཏོ་ལྦ་ལ་གུས་བཏུད་མྱ་ངན་ཞུ་རྒྱུའི་མཛད་སྒོའི་ནང་མཉམ་ཞུགས་གནང་ཆེད་ཧོང་ཀོང་དུ་བསྐྱོད་ཆོག་པའི་ཐོང་མཆན་ཞུས་ཡོད་ནའང༌། ཧོང་ཀོང་སྲིད་གཞུང་གིས་ལྦང་དན་ལ་ཐོངས་མཆན་སྤྲད་མེད་པ་རེད།
དེ་རིང་ལྦང་ཏན་གྱིས་རྒྱ་ནག་གཞུང་གིས་འདོད་པ་མེད་པའི་མི་སྣ་ཚོར་ཧོང་ཀོང་སྲིད་གཞུང་གིས་ཐོངས་མཆན་མ་སྤྲད་པར་རྒྱ་ནག་གི་གནོན་ཤུགས་འོག་ཕྱིན་པ་དེ་ནི། ཧོང་ཀོང་ངོས་ནས་རང་སྐྱོང་གི་ཐོབ་ཐང་བློས་བཏང་བ་ཞིག་རེད་ཅེས་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་དེ་རྫུན་གཏམ་ཡིན་པ་ད་རེས་ར་འཕྲོད་ཐུབ་པ་བྱུང་སོང་ཞེས་ཁོང་གི་དྲ་རྒྱའི་ཐོག་གསལ་བསྒྲགས་ཤིག་སྤེལ་འདུག།