གཏམ་བརྗོད་སྒྱུ་རྩལ་བ་ཐུབ་བསྟན་ལགས་སྐུ་གྲོངས་བར་མྱ་ངན།

བོད་ནང་གི་གཏམ་བརྗོད་སྒྱུ་རྩལ་བ་རྒན་རབས་པ་ཐུབ་བསྟན་ལགས་འདས་གྲོངས་སུ་ཕེབས་པར་བོད་མི་མང་པོས་མྱ་ངན་བྱེད་བཞིན་འདུག

གཏམ་བརྗོད་སྒྱུ་རྩལ་བ་ཐུབ་བསྟན་ལགས། པར་ཚགས།

བོད་ནང་གི་གཏམ་བརྗོད་སྒྱུ་རྩལ་བ་རྒན་རབས་པ་ཐུབ་བསྟན་ལགས་འདས་གྲོངས་སུ་ཕེབས་པར་བོད་མི་མང་པོས་མྱ་ངན་བྱེད་བཞིན་འདུག
བོད་ནང་གི་གཏམ་བརྗོད་སྒྱུ་རྩལ་བ་རྒན་རབས་པ་ཐུབ་བསྟན་ལགས་སྙུང་གཞིའི་རྐྱེན་པས་ཕྱི་ཟླ་ ༧ ཚེས་ ༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཁོང་གི་གཟིམས་ཁང་དུ་འདས་གྲོངས་སུ་ཕེབས་པར་བོད་ནང་ཡོད་པའི་བོད་མི་མང་པོས་བློ་ཕམ་དང་འབྲེལ་དམ་པ་ཁོང་ལ་མྱ་ངན་ཞུ་བཞིན་ཡོད་པ་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་གནང་མཁན་མཚན་བརྗོད་འདོད་མེད་པའི་བོད་མི་གཉིས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད། ཁོང་བོད་ལུགས་ལྟར་ན་དགུང་གྲངས་ ༨༥ དང་ཕྱི་ལུགས་ཀྱི་དགུང་གྲངས་ ༨༤ ཡིན་པ་རེད།
རྒན་ཐུབ་བསྟན་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བོད་ཕྱི་ནང་གཉིས་སུ་ཁྱབ་པའི་རྗེས་རྒྱུན་དུ་རྒན་ཐུབ་བསྟན་ལགས་ཀྱི་སྒྱུ་རྩལ་རིག་གནས་ལ་ཚོར་ཤུགས་ཆེན་པོའི་ངང་དགའ་མོས་གནང་མཁན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྡོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་རྒན་ཐུབ་བསྟན་ལགས་ཀྱི་སྒྱུ་རྩལ་དང་དགོད་བྲོའི་གཏམ་གླེང་བརྒྱུད་བོད་མི་རིགས་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་སྤྱི་ཚོགས་ཀྱི་དཀའ་ངལ་དང་མི་མང་འཆམ་མཐུན་ཡོང་ཐབས་སོགས་ཀྱི་སྐོར་ལ་ལེགས་སྐྱེས་ཆེན་པོ་འབུལ་ཡོད་པ་ཁོང་གིས་འགྲེལ་བརྗོད་གནང་གི་འདུག
རྒན་ཐུབ་བསྟན་ལགས་ཀྱི་འཁྲབ་སྟོན་དང་སྒྱུ་རྩལ་ལ་བོད་ནང་གི་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཧ་ཅང་བཟང་པོ་ཐེབས་ཡོད་པ་དང་། ཁོང་གི་སྒྱུ་རྩལ་འཁྲབ་སྟོན་ལ་དགའ་མོས་གནང་མཁན་བོད་ཕྱི་ནང་གཉིས་སུ་ཡོད་པ་རེད། ཡིན་ཡང་རྒྱ་ནག་དབང་བསྒྱུར་འོག་ཡོད་པའི་གནས་སྟངས་ཀྱིས་རྐྱེན་པས་ཁོང་གི་གཏམ་བརྗོད་འཁྲབ་སྟོན་ནང་སྐབས་འགར་རྒྱ་ནག་གཞུང་ལ་བསྟོད་པ་དང་རྒྱ་ནག་བཀྲིན་ཆེན་པོ་ཡིན་རབས་སོགས་ཀྱང་གསུངས་དགོས་པ་ཆགས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒན་ཐུབ་བསྟན་ལགས་ནི་ཕྱི་ལོ་༡༩༣༤ལོར་ལྷ་སར་སྐྱེས་ཤིང་། དགུང་ལོ་དྲུག་སོན་དུས་ལྷ་ས་ཀུན་བདེ་གླིང་དགོན་པར་ཞུགས་ཤིང་། ཀུན་བདེ་གླིང་སྟག་ཚག་རིན་པོ་ཆེ་སྐུ་གོང་མ་དེ་ནི་ཆོས་དང་འབྲེལ་བའི་གླུ་གར་གྱི་རིགས་སྣ་ཚོགས་ལ་ཤིན་ཏུ་མཉེས་པས། མཚམས་རེར་ལྷ་སའི་དམངས་ཁྲོད་བླ་མ་མ་ཎི་བ་གྲགས་ཅན་ཚེ་རིང་ཆོས་འཛོམས་དང་། ཀོང་པོའི་གེ་སར་སྒྲུང་པ་གྲགས་ཅན་གྲགས་པ། སྐྱོར་མོ་ལུང་གི་ལྷ་མོ་བ་གྲགས་ཅན་ནོར་བུ་ཚེ་རིང་སོགས་འཁྲབ་སྟོན་ལ་གདན་དྲངས་པ་སོགས་གནང་པའི་ལོ་རྒྱུས་ཡོད་པ་རེད། རྒན་ཐུབ་བསྟན་ལགས་འདས་པོ་ཁོང་ལ་ལོ་ན་ཆུང་དུས་ནས་ཀུན་བདེ་གླིང་རིན་པོ་ཆེའི་དགོངས་པའི་ཤེན་ཤུགས་ཆེན་པོ་བྱུང་ནས་བོད་ཀྱི་ཆོས་ཕྱོགས་དང་དམངས་ཁྲོད་སྒྱུ་སྩལ་ཐོག་དོ་དབྱིངས་ཧ་ཅང་ཆེན་པོ་གནང་ཞིང་། རིམ་པས་གར་འཆམ་དང་། ལྷ་མོ། བླ་མ་མ་ནི། གླིང་སྒྲུང་སོགས་སློབ་སྦྱོང་གནང་ཡོད།  རིམ་པས་ཁོང་གི་སྒྱུ་རྩལ་རིག་གནས་ཐོག་གི་ཉམས་མྱོང་དང་མཁྱེན་པ་ཇེ་ཆེར་ཕེབས་ནས། བོད་ལྗོངས་ཡོངས་སུ་གྲགས་པ་ཧ་ཅང་གི་མཐོ་པོ་ཆགས་པར་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ནས་དགའ་མོས་ཆེ་ཤོས་བྱ་སའི་སྒྱུ་རྩལ་བ་ཞིག་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org