བོད་རིགས་སློབ་ཕྲུག་གསུམ་རླངས་འཁོར་གྱིས་རྒྱབ་ནས་བསད་འདུག
རྒྱ་ནག་གིས་དྲང་བདེན་གྱི་ཐོག་ནས་ཞིབ་འཇུག་གནང་དགོས་པ་པུས་མོ་ས་ལ་བཙུགས་ནས་ངུ་འབོད་ཞུ་འབོད་བྱེད་བཞིན་པ་རེད།
-
2014-09-30 -
-
-
རྒྱ་ནག་གིས་དྲང་བདེན་གྱི་ཐོག་ནས་ཞིབ་འཇུག་གནང་དགོས་པ་པུས་མོ་ས་ལ་བཙུགས་ནས་ངུ་འབོད་ཞུ་འབོད་བྱེད་བཞིན་པ་རེད།
དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༢༥་ཉིན་དཀར་མཛེས་ཁུལ་ལྕགས་ཟམ་ཁར་བོད་རིགས་སློབ་ཕྲུག་གསུམ་རྒྱ་མིའི་མགྲོན་ཁང་གི་བདག་པོས་རླངས་འཁོར་གྱིས་རྒྱབ་ནས་བསད་པ་དང་། གཅིག་ལ་རྨས་སྐྱོན་ཚབས་ཆེ་བཟོས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག།
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན་ལྟར་ན། དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༢༥་ཉིན་དཀར་མཛེས་ལྕགས་ཟམ་ཁར་རྒྱ་ནག་གི་གཞུང་ཞབས་ཡིག་རྒྱུགས་གཏོང་བར་འགྲོ་མཁན་བོད་རིགས་ན་གཞོན་ཁག་ཅིག་རྒྱ་མིའི་མགྲོན་ཁང་དང་ཟ་ཁང་གཅིག་ལྕོག་ཡིན་པ་ཞིག་གི་ནང་དུ་བསྐྱོད་ནས་ཟས་ཟ་བའི་སྐབས་སྔོན་གྱི་བཤད་པའི་ཟས་ཀྱི་རིན་གོང་དང་རྗེས་སུ་བཤད་པའི་རིན་གོང་གཉིས་མ་མཐུན་པའི་གནད་དོན་གྱིས་མགྲོན་ཁང་གི་བདག་པོ་དང་ཁ་རྩོད་ཤོར་ནས་བོད་རིགས་སློབ་ཕྲུག་རྣམས་མགྲོན་ཁང་ནས་ཐོན་འདུག སྐབས་དེ་དུས་མགྲོན་ཁང་གི་མི་ཞིག་གིས་རླངས་འཁོར་བཏང་ནས་བོད་རིགས་སློབ་ཕྲུག་རྣམས་རྗེས་འདེད་བྱས་པ་མ་ཟད། བོད་རིགས་སློབ་ཕྲུག་གསུམ་ལ་རླངས་འཁོར་རྡུང་ཐུག་གིས་བསད་པ་དང་། གཞན་གཅིག་ལ་ཡང་རྨས་སྐྱོན་ཚབས་ཆེ་བཏང་ཡོད་པ་རེད་འདུག དོན་རྐྱེན་དེ་བྱུང་བའི་རྗེས་སུ་ཉེན་རྟོག་པ་འབྱོར་ནས་ཞིབ་འཇུག་བྱས་ཡོད་ཀྱང་མགྲོན་ཁང་གི་བདག་པོས་བཤད་པའི་སྐད་ཆར་ཕྱོགས་ནས་རྨས་སྐྱོན་ཕོག་པའི་བོད་རིགས་སློབ་ཕྲུག་གིས་གནས་ཚུལ་བཤད་པ་ལ་ངོས་ལེན་ཆ་འཇོག་བྱས་མེད་པའི་གནས་ཚུལ་བྱུང་འདུག དེར་བརྟེན་འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་རྣམས་ཀྱི་ནང་མི་དང་སློབ་གྲོགས་རྣམས་ཀྱིས་ཕྱི་ཚེས་༢༩་ཉིན་འབྲེལ་ཡོད་ལས་ཁུངས་སྒོ་འགྲམ་དུ་བསྡད་ནས་དྲང་བདེན་གྱི་ཐོག་ནས་ཞིབ་འཇུག་གནང་དགོས་པའི་ཡི་གེ་དང་འདས་གྲོངས་སུ་ཕྱིན་པའི་སློབ་མ་རྣམས་ཀྱི་འདྲ་པར་འཁྱེར་ནས་ཞུ་འབོད་བྱས་དང་ལ་ལས་པུས་མོ་ས་ལ་བཙུགས་ནང་ངུ་འབོད་བྱས་ནས་འབྲེལ་ཡོད་དཔོན་རིགས་ཚོས་དྲང་བདེན་གྱི་ཐག་གཅོད་ཡོང་བའི་ནན་སྐུལ་བྱས་འདུག
སློབ་མ་དེ་རྣམས་ནི་བོད་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་ནས་ཡིན་པ་དང་། འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་རྣམས་ཀྱི་ནང་མི་ལ་གོ་བསྡུར་ཙམ་མ་བྱས་པར་སློབ་ཕྲུག་གསུམ་གྱི་ཕུང་པོ་མེར་བསྲེགས་བཏང་ནས་ཤུལ་མེད་བཟོས་ཡོད་པ་བཅས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད་འདུག
གསར་འགོད་པ་ཀརྨ་རྡོ་རྗེ།