བཀའ་ཤག་སྐབས་༡༦པའི་བུད་མེད་བཀའ་བློན་གསུམ་གྱིས་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་གནང་སོང་།
སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ༡༡་ཚེས་༡༠ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་བདམས་ཐོན་བུད་མེད་བཀའ་བློན་རྣམ་པ་གསུམ་གྱི་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་ཤིང་། དམ་འབུལ་མཛད་སྒོ་གྲུབ་རྗེས། བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་སུ་འདི་གའི་གསར་འགོད་པས། ཁྱེད་ཉིད་ཤེས་རིག་བཀའ་བློན་དུ་བསྐོ་བཞག་གནང་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བས།
- 2021-11-10
-
-
-
Your browser doesn’t support HTML5 audio
སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ༡༡་ཚེས་༡༠ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་བདམས་ཐོན་བུད་མེད་བཀའ་བློན་རྣམ་པ་གསུམ་གྱི་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་ཤིང་། དམ་འབུལ་མཛད་སྒོ་གྲུབ་རྗེས། བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་སུ་འདི་གའི་གསར་འགོད་པས། ཁྱེད་ཉིད་ཤེས་རིག་བཀའ་བློན་དུ་བསྐོ་བཞག་གནང་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བས། འབྱུང་འགྱུར་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་ཚད་གོང་མཐོར་གཏོང་རྒྱུའི་ཐད་དམིགས་བསལ་གྱི་ལས་འཆར་ཇི་ཡོད་སྐོར་བཅར་འདྲི་ཞུས་པར། ཁོང་མོས། ད་ལྟ་ཤེས་རིག་གི་ཐོག་གདོང་ལེན་བྱེད་དགོས་པའི་གནད་དོན་མང་པོ་ཞིག་འདུག་ལ། ལྷག་པར་དུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་གལ་ཆེན་མཐོང་གི་འདུག་ཅེས་གསུངས་གནང་སོང་།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ད་རེས་བུད་མེད་བཀའ་བློན་གསུམ་འོས་འདེམས་བྱུང་བ་དེ་ནི་བཙན་བྱོལ་བོད་མའི་ལོ་རྒྱུས་ནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག་ཅིང་། བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ཁོང་མོ་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་གནང་གཏན་འཁེལ་ཡོད་པ་དེ་ཡང་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་བུད་མེད་བདེ་སྲུང་བཀའ་བློན་ཐོག་མ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་ཀྱི་བུད་མེད་ཚོར་འོས་འགན་གང་འདྲ་ཞིག་སྤྲད་པ་ཡིན་ནའང་། འདྲ་མཉམ་གྱི་འགན་ཁུར་དང་གདོང་ལེན་གནང་ཐུབ་མཁན་ཞིག་ཡིན་པ་ཡིད་ཆེས་འཕེལ་བ་ཞིག་ཡོང་བར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་གནང་སོང་།
ཡང་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནི་ཕྱི་དྲིལ་བཀའ་བློན་དུ་བསྐོ་བཞག་གནང་རྒྱུ་ཡིན་འདུག་པ་དང་། ཁོང་མོས། བོད་ནང་གི་ཛ་དྲག་གནས་སྟངས་དེ་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་བའི་ཐོག་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དབར་འབྲེལ་ལམ་གྱི་ནུས་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་སྔོན་འོས་བསྡུའི་དྲིལ་བསྒྲགས་སྐབས། ཁོང་གི་བཀའ་ཤག་ཏུ་བཀའ་བློན་བདུན་དགོས་པའི་ནང་ཉུང་མཐར་བུད་མེད་བཀའ་བློན་གསུམ་བསྐོ་འཆར་ཡོད་པ་གསུངས་པ་བཞིན། ད་རེས་སྐབས་བཅུ་དྲུག་པའི་བཀའ་ཤག་ནང་བུད་མེད་བཀའ་བློན་གསུམ་དངོས་སུ་བསྐོ་བཞག་གནང་ཐུབ་པ་བྱུང་ཡོད་པ་རེད།
སྐབས་༡༦ པའི་བཀའ་ཤག་གི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནི། ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་ཡུན་རིང་དགེ་རྒན་དང་སློབ་སྤྱིའི་ཐུགས་འགན་བཞེས་མྱོང་མཁན་ཞིག་ཡིན་འདུག་པ་མ་ཟད། སྤྱི་ལོ་ ༢༠༠༣ ལོར་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་གཟེངས་བསྟོད་གྲགས་ཅན་ (National Award for Teachers) ཞེས་པ་དེ་སྐབས་དེའི་རྒྱ་གར་སྲིད་འཛིན་མཁས་དབང་ཨབ་དུལ་ཀ་ལམ་ (A.P.J. Abdul Kalam) མཆོག་གི་ཕྱག་ནས་ཞུ་རྒྱུའི་གོ་སྐབས་བྱུང་འདུག་པ་དང་། སྤྱི་ལོ་ ༢༠༡༡ ནས་བཟུང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལས་འཁུར་ཞུ་མུས་ཡིན་འདུག
བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༨༦ ནས་ ༡༩༩༡ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་ཡང་གནང་མྱོང་འདུག་པ་མ་ཟད་། བོད་མི་མང་སྤྱི་འཐུས་སྐབས་ ༡༡ དང་༡༢། ༡༣། ༡༤ བཅས་ཀྱི་སྤྱི་འཐུས་སུ་འོས་འདེམས་བྱུང་ཡོད་པ་མ་ཟད། བསྟུད་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྐབས་གཉིས་རིང་ཚོགས་གཞོན་གྱི་ཐུགས་འགན་ཡང་བཞེས་འདུག་ཅིང་། སྤྱི་ལོ་༢༠༡༡ ནས་ ༢༠༡༦ བར་བཀའ་ཤག་སྐབས་ ༡༤ པའི་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས་མྱོང་ཡོད་འདུག
བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནི། སྤྱི་་ལོ་ ༢༠༠༠ ནས་ ༢༠༠༦ བར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་། ལག་བསྟར་འགན་འཛིན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་གནང་་མྱོང་འདུག་ཅིང་། ༢༠༠༩ ནས་ ༢༠༡༡ བར་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཁུར་གནང་། དེ་ནས་སྤྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་ཨ་རི་བོད་ཀྱི་ཐེབས་རྩའི་དཔལ་འབྱོར་འདུ་འགོད་དང་རོགས་སྐྱོར་ལས་འཆར་བའི་འགན་འཁུར་ཡང་གནང་མྱོང་འདུག་པ་དང་། དེ་བཞིན་སུད་སིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ ༥༩ པ་དང་། ཚོགས་ཆེན་ ༦༡ པ། མུམ་བྷེ་རྒྱལ་སྤྱིའི་སྤྱི་ཚོགས་ཚོགས་ཆེན། ཐའེ་ལནཌ་མཉམ་འབྲེལ་རྒྱལ་ཚོགས་དང་སྤྱི་མང་སྒྲིག་འཛུགས་དབར་འབྲེལ་ལམ་ཚོགས་ཆེན། ཨིན་ཌོ་ནེ་ཤི་ཡའི་ཚོགས་ཆེན་སོགས་སུ་བོད་དོན་གཏམ་བཤད་སྤེལ་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།