ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་ཁོར་ཡུག་ཐད་རྔམ་སྟོན་ཁྲོམ་སྐོར་བྱེད་པ།
རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་གནོན་ཤུགས་སྤྲོད་ཆེད་ཨེ་ཤི་ཡའི་ཡུལ་གྲུ་ཁག་གཅིག་གི་ནང་མི་དམངས་ཀྱིས་རྔམ་སྟོན་ཁྲོམ་བསྐོར་བྱེད་ཡོད་པ།
-
2015-11-28 -
-
-
༄༅། །ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ཕྷརན་སིའི་རྒྱལ་ས་པེ་རིསི་རུ་ཚུགས་རྒྱུའི་ Cop༢༡ གམ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་གནོན་ཤུགས་སྤྲོད་ཆེད་དེ་རིང་གཟའ་སྤེན་པའི་ཉིན་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨེ་ཤི་ཡའི་ཡུལ་གྲུ་ཁག་གཅིག་གི་ནང་མི་དམངས་ཀྱི་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་འདུག།
གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་རྒྱས་བཞིན་པའི་རྐྱེན་གྱིས་རྒྱ་མཚོའི་ཆུ་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་དང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡུལ་གྲུ་མང་པོ་ཞིག་ལ་ཉེན་ཁ་ཆེན་པོ་འབྱུང་རྒྱུ་ཡིན་པ་ཁོར་ཡུག་མཁས་པ་མང་པོས་བརྗོད་བཞིན་ཡོད་པ་རེད། དེ་རིང་གཟའ་སྤེན་པའི་ཉིན་ཨའོསི་ཊརེ་ལི་ཡ་དང་སྦང་ལ་དེཤ། ཉེ་ཧོང་དང་ནིའུ་ཛ་ལེནཌ། ཕྷི་ལི་པིནསི་བཅས་ཀྱི་ནང་མང་ཚོགས་རྔམ་སྟོན་ཁྲོམ་བསྐོར་བྱ་མཁན་ཚོས་གོ་ལའི་ཚ་དྲོད་མི་རྒྱས་པའི་ནུས་པའི་འབྱུང་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བསྐུལ་མ་བྱེད་བཞིན་ཡོད་འདུག།
འཛམ་གླིང་ནང་རྡོ་སྣུམ་དང་རྡོ་སོལ་ཤུགས་ཆེ་བེད་སྤྱོད་བྱེད་པའི་རྐྱེན་གྱིས་ཏིག་ཚྭ་ལྡན་པའི་ནག་རྫས་དུག་རླངས་མཁའ་དབྱིངས་སུ་ཁྱབ་སྟེ། ཉི་དྲོད་བཀག་མཁན་གྱི་རང་བཞིན་གྱི་རླུང་ཁམས་གཙང་མ་ཞིག་ཡོད་པ་དེ་ནུས་མེད་བཟོ་བཞིན་པར་ཚན་རིག་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་ཅིང་། དེའི་རྐྱེན་གྱིས་འཛམ་གླིང་ནང་ལོ་རེ་ནས་ལོ་རེར་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དང་། འཛམ་གླིང་ལྷོ་བྱང་གི་སྣེ་དང་བོད་ས་མཐོའི་སྟེང་ཡོད་པའི་འཁྱགས་རོམ་གྱི་ཞུར་ཚད་ཇེ་མྱུར་ཕྱིན་པའི་རྐྱེན་གྱིས་རྒྱ་མཚོ་དང་གཙང་པོའི་ཆུ་ཚད་ཆེ་རུ་འགྲོ་བཞིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
ཕྷརན་སིའི་རྒྱལ་ས་པེ་རིསི་རུ་ཕྱི་ཟླ་ ༡༡ ཚེས་༡༣ ཉིན་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བྱུང་མིན་ལ་མ་བལྟོས་པར། གོ་ལའི་ཁོར་ཡུག་གི་ཚོགས་ཆེན་དེའི་ཐོག་འཛམ་གླིང་ཡུལ་གྲུ་ ༡༥༠ ཙམ་གྱི་དབུ་ཁྲིད་ལྷན་འཛོམས་ཐོག། ཕྱི་ལོ་ ༢༠༢༠ ཐམ་པའི་རྗེས་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཐད་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།