༧གོང་ས་མཆོག་ནས་ཕྷརན་སིའི་ནང་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་བསྩལ་བ།
༧གོང་ས་མཆོག་ནས་ཕྷརན་སིའི་གྲོང་ཁྱེར་Strasbourg ནང་ཆོས་ཞུ་བ་བརྒྱད་སྟོང་ལྷག་ལ་བྱང་ཆུབ་སེམས་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་ཡོད་པ།
-
2016-09-17 -
-
-
Your browser doesn’t support HTML5 audio
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྷརན་སིའི་གྲོང་ཁྱེར་ Strasbourg ནང་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ་བརྒྱད་སྟོང་ལྷག་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་ནང་ཆོས་ཀྱི་ངོ་སྤྲོད་སྐབས་སངས་རྒྱས་ཀྱི་གཞུང་དེ་དག་བསྟན་པ་སྤྱི་ཚན་དང་གང་ཟག་སྒོས་ཚན་གཉིས་སུ་དབྱེ་བ་དང་། དེ་ཡང་ཤེར་ཕྱིན་གྱི་གཞུང་དེ་དག་ནི་བསྟན་པ་སྤྱི་ཚན་གྱི་དབང་དུ་བྱས་ཤིང་། གསང་སྔགས་ཀྱི་གཞུང་དེ་དག་གང་ཟང་སྒོས་ཚན་གྱི་ཆེད་གསུངས་པ་ཞིག་ཡིན་པ་བཀའ་གནང་ཡོད་ལ། དེ་ལྟར་ཤེར་ཕྱིན་གྱི་གཞུང་གི་དགོངས་དོན་གཉིས་ཡོད་པ་ནི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཅས་ཡིན་པ་ངོ་སྤྲོད་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་བོད་སྐད་ནང་སྩལ་བ་ཕྱི་རྒྱལ་གྱི་སྐད་ཡིག་ དབྱིན་ཇི་དང་སེཔེན། ར་ཤི་ཡ་དང་རྒྱ་སྐད། ཝིཡེཏ་ནམ་དང་པོར་ཅུ་གྷིསི། ཇར་མན་དང་ཕྷརན་སི་བཅས་ཀྱི་ནང་ཐད་བསྒྱུར་ཞུ་བཞིན་ཡོད་འདུག།
སང་ཉིན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩོལ་གནང་མཛད་རྒྱུ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་ཆོས་ཞུ་བའི་གྲངས་ཚད་དགུ་སྟོང་ཙམ་ཟིན་རྒྱུ་ཡིན་འདུག།
ཁ་སང་ཕྱི་ཚེས་ ༡༦ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག། Strasbourg མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་ཀླད་ཁམས་ཚན་རིག་པ་དང་ཆོས་ཀྱི་ལྟ་གྲུབ་མཁས་དབང་། དེ་བཞིན་ཕྱི་ལུགས་སྨན་པ་གྲགས་ཅན་སོགས་མཁས་དབང་ཁག་གཅིག་དང་ལྷན་དུ་ཕུང་པོ་དང་སེམས། ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་ཡོད་པ་རེད།
ལྷན་ཚོགས་དེའི་སྐབས་ཀླད་ཁམས་ཚན་རིག་པ་ཁག་དང་ལྷན་དུ་དྲན་པ་དང་ཚོར་མྱོང་། སེམས་རྩེ་གཅིག་པའི་སྒོམ་གྱི་ཐོག་བགྲོ་གླེང་མཛད་ཡོད་ཅིང་། སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱིའི་དབང་ཤེས་དང་ནང་གི་ཤེས་པའི་དབར་གྱི་ཕྲ་རག་གི་ཁྱད་པར་སྤྲོད་གནང་ཡོད་ལ། དེ་བཞིན་སེམས་རྩེ་གཅིག་པའི་སྒོམ་ཀྱི་བགྲོ་གླེང་སྐབས། དཔྱད་སྒོམ་དང་འཇོག་སྒོམ་གྱི་གནད་འགག་སོགས་ངོ་སྤྲོད་གནང་ཡོད་པ་རེད།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།