འཕྲིན་ལས་ལྷ་མོ་ལགས་ཀྱིས་ཤམ་བྷ་ལ་གློག་བརྙན་འཁྲབ་སྟོན་སྐབས་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་བཞིན་འབྲས་བཟང་སྨིན་པར་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས་བྱུང་།
འཕྲིན་ལས་ལྷ་མོ་ལགས་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གཟེངས་རྟགས་རྒྱལ་ཁ་ཐོབ་པ་དེ་ནི་ལྷོ་ཤར་ཨེ་ཤི་ཡའི་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཐེངས་དང་པོར་གཟེངས་རྟགས་དེ་ཐོབ་པ་བརྗོད་འདུག
- 2024-08-20
-
-
-
Your browser doesn’t support HTML5 audio
བལ་པོའི་གློག་བརྙན་ཁྲབ་འཁྲིད་པ་ Min Bahadur Bham ལགས་ཀྱིས་བཟོ་སྐྲུན་གནང་བའི་ཤམ་བྷ་ལ་Shambhala ཞེས་པའི་བལ་པོའི་གློག་བརྙན་དེ་སུད་སིའི་ནང་ Locarno ཞེས་པའི་གློག་བརྙན་དུས་སྟོན་ཐེངས་ ༧༧ ཐོག་མཉམ་ཞུགས་གནང་བར་་ཕྲིན་ལས་ལྷ་མོ་ལགས་ལ་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ Boccalina d’oro Prize ཞེས་པ་འབུལ་ལམ་ཞུས་ནས་ཆེ་བསྟོད་གནང་ཡོད་པ་ལྟར། འཕྲིན་ལས་ལྷ་མོ་ལགས་ཀྱིས། ཁོང་ནས་གློག་བརྙན་དེ་འཁྲབ་སྟོན་སྐབས་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་བཞིན་འབྲས་བུ་བཟང་པོ་ཐོབ་པར་དགའ་སྤྲོ་ཆེན་པོ་བྱུང་ཞིང་། དེ་ལྟ་བུའི་གློག་བརྙན་དུས་སྟོན་ཐོག་མཉམ་ཞུགས་གནང་རྒྱུ་བྱུང་བ་དེའི་བརྒྱུད་གློག་བརྙན་འཁྲབ་སྟོན་པ་གཞན་རྣམས་ནས། གློག་བརྙན་འཁྲབ་སྟོན་ཐད་སྤྲོ་སྣང་དང་སེམས་ཤུགས་ལ་འགྱུར་བ་མེད་པ་དེས། ཁོང་ལ་མ་འོངས་མུ་མཐུད་གློག་བརྙན་འཁྲབ་སྟོན་ཐད་ཕྱག་ལས་གནང་རྒྱུར་སེམས་ཤུགས་འཕར་མ་བསྐྲུན་སོང་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འཕྲིན་ལས་ལྷ་མོ་ལགས་ཀྱིས་ཤམ་བྷ་ལ་གློག་བརྙན་ནང་པདྨ་ཞེས་པའི་བུད་མེད་ཅིག་འཁྲབ་སྟོན་གནང་ཡོད་ཅིང་། གློག་བརྙན་དེ་བཞིན་གནའ་བོའི་བཟའ་གསུམ་གྱི་མི་ཚེའི་སྐོར་ཞིག་ཡིན་པ་གསུངས་བྱུང་། ཁོང་ནས་དེ་སྔ་གློག་བརྙན་འཁྲབ་སྟོན་གྱི་ཟབ་སྦྱོང་ནང་ཟླ་བ་ཁ་ཤས་རིང་མཉམ་ཞུགས་ཀྱིས་གློག་བརྙན་དང་འབྲེལ་ཡོད་སོགས་ཀྱི་ཐད་སྦྱོང་བརྡར་གནང་ཡོད་པ་དང་། དམིགས་བསལ་ཁོང་ནས་གསུངས་ན། བལ་ཡུལ་ལྷ་མོ་ཚོགས་པའི་ནང་ལྷ་མོ་དང་གཞས་སྣ་འཁྲབ་སྟོན་སོགས་ཀྱིས་བརྒྱུད། ཁོང་ལ་སྡིངས་ཆའི་ཐོག་འཁྲབ་སྟོན་གནང་རྒྱུར་གདེང་ཚོད་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅིང་། དེའི་བརྒྱུད་ཤམ་བྷ་ལ་ལྟ་བུའི་གློག་བརྙན་འཁྲབ་སྟོན་གྱི་གོ་སྐབས་ཐོབ་ཡོད་ཅེས་གསུངས་བྱུང་། ཡང་ཁོང་ནས་བོད་པའི་གཞོན་སྐྱེས་རྣམས་ནས་ལས་རིགས་གང་ཡིན་ལ་ལྟོས་མེད་ཀྱིས་ཧུར་ཐག་གནང་དགོས་གལ་ཆེ་བ་ཡིན་ཞེས་གསུངས་བྱུང་།
གཞན་ཡང་ཤམ་བྷ་ལའི་གློག་བརྙན་ནང་བོད་རིགས་འཁྲབ་སྟོན་པ་གཞན་བསྟན་འཛིན་དགྲ་ལྷ་ལགས་དང་། བསོད་ནམས་སྟོབས་ལྡན་ལགས། བློ་བསྟན་རྣམ་གླིང་ལགས་བཅས་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད་འདུག་ལ། འཕྲིན་ལས་ལྷ་མོ་ལགས་ཀྱིས་གསུངས་ན་ཤམ་བྷ་ལ་གློག་བརྙན་དེ་བཞིན་བལ་ཡུལ་ནང་ཕྱི་ཟླ་ ༩ པའི་ནང་བལྟ་ཐུབ་ཀྱི་ཡོད་ཀྱང་། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ཏུ་ག་དུས་བལྟ་ཐུབ་མིན་ད་ཆ་གཏན་འཁེལ་བྱུང་མེད་པ་གསུངས་བྱུང་།
རྩ་བའི་ཤམ་བྷ་ལ་ཡི་གློག་བརྙན་འཁྲབ་སྟོན་པའི་རུ་ཁག་གིས་ངོ་དེབ་དྲ་ཚིགས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་སུད་སིའི་ནང་གི་གློག་བརྙན་དུས་ཆེན་ཁྲོད། འཕྲིན་ལས་ལྷ་མོ་ལགས་གཙོས་པའི་གློག་བརྙན་རུ་ཁག་ཡོངས་ལ་དོན་འབྲས་ལེགས་པོ་སོན་པར་འཚམས་འདྲི་ཞུས་འདུག་ལ། ཡང་འཕྲིན་ལས་ལྷ་མོ་ལགས་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གཟེངས་རྟགས་རྒྱལ་ཁ་ཐོབ་པ་དེ་ནི་ལྷོ་ཤར་ཨེ་ཤི་ཡའི་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཐེངས་དང་པོ་ཐོབ་པ་ཞིག་ཡིན་སྐོར་དང་དེ་ནི་འཕྲིན་ལས་ལྷ་མོ་ལགས་ཀྱིས་འཁྲབ་སྟོན་ཁྱད་དུ་འཕགས་པ་ཡོད་པར་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཙམ་མ་ཡིན་པར། དེ་ནི་བལ་ཡུལ་ནང་གི་འབུར་དུ་ཐོན་བཞིན་པའི་སྒྱུ་རྩལ་པའི་ར་སྤྲོད་དཔང་རྟགས་ཤིག་ཡིན་ལུགས་དང་ཡང་དེས་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་གྱི་གློག་བརྙན་གྱིས་གོ་ལའི་གློག་བརྙན་ཐོག་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་གསལ་བཏོན་བྱེད་ཀྱི་ཡོད་ལུགས་ཀྱང་འགྲེལ་བརྗོད་གནང་འདུག ཡང་ཁོང་རྣམས་ཀྱིས་ད་རེས་འཕྲིན་ལས་ལྷ་མོ་ལགས་ལ་ཐོབ་པའི་གཟེངས་རྟགས་དེ་བལ་ཡུལ་གྱི་གློག་བརྙན་བཟོ་སྐྲུན་པ་རྣམས་དང་བལ་ཡུལ་དང་ཧི་མ་ལ་ཡའི་རི་རྒྱུད་དེ་བཞིན་གོ་ལའི་བེུད་ཡོངས་ཀྱི་སེམས་ཤུགས་དང་སྙིང་སྟོབས་སོགས་ལ་ལེགས་སྐྱེས་སུ་འབུལ་གྱི་ཡོད་ཅེས་གོང་ཞུས་གསར་འགོད་བསྒྲགས་གཏམ་འདིའི་ནང་བཀོད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།