ཁ་ཆེ་དང་ཡི་ཤུའི་འཇིཊ་སྐུལ་དྲག་སྤྱོད་པ་ཟེར་བ་ཞིག་མེད་པ་༧གོང་ས་མཆོག་གིས་གསུངས་འདུག
ཁ་ཆེ་དང་ཡི་ཤུའི་འཇིཊ་སྐུལ་དྲག་སྤྱོད་པ་ཟེར་བ་ཞིག་མེད་པ་དང་འཇིགས་སྐུལ་བྱེད་མཁན་ནི་ཆོས་པ་ཡང་དག་ཞིག་མ་རེད་ཅེས་༧གོང་ས་མཆོག་གིས་གསུངས་འདུག
-
2017-10-18 -
-
-
Your browser doesn’t support HTML5 audio
ཁ་ཆེ་དང་ཡི་ཤུའི་འཇིཊ་སྐུལ་དྲག་སྤྱོད་པ་ཟེར་བ་ཞིག་མེད་པ་དང་འཇིགས་སྐུལ་བྱེད་མཁན་ནི་ཆོས་པ་ཡང་དག་ཞིག་མ་རེད་ཅེས་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་ཕྱི་ཚེས་༡༨་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་གིས་རྒྱ་གར་མ་ནི་པུར་(Manipur)་མངའ་སྡེའི་གྲོས་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཤིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་ཆེ་དང་ཡི་ཤུའི་འཇིགས་སྐུལ་དྲག་སྤྱོད་པ་ཟེར་བ་ཞིག་མེད་པ་དང་། དེ་ཡང་འཇིགས་སྐུལ་བྱེད་མཁན་ནི་ཆོས་པ་ཡང་དག་ཞིག་མ་རེད། ཆོས་པ་སུ་ཡིན་རུང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་བྱེད་རྒྱུ་འགོ་བཙུགས་པ་ནས་བཟུང་ཁ་ཆེ་དང་ཡི་ཤུའི་སོགས་ཆོས་ལུགས་དེ་དང་དེའི་གྲལ་ནས་བུད་འགྲོ་བ་ཡིན་པ་བཀའ་གནང་གནང་འདུག་ལ།
དེ་བཞིན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དཀའ་རྙོག་རྣམས་དྲག་ལས་མ་ཡིན་པར་ཞི་བའི་གྲོས་མོལ་ལམ་ནས་ངེས་པར་དུ་སེལ་ཐབས་བྱེད་དགོས་པ་གསུངས་འདུག
ད་དུང་རྒྱ་གར་ལ་ལོ་༡༠༠༠་བརྒལ་བའི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གནའ་བོའི་རིག་གཞུང་ཞིག་ཡོད་པ་དེ་སླར་གསོ་བྱས་པ་ཡིན་ན། འཛམ་གླིང་ཞི་བདེ་ལ་ཕན་རླབས་ཡོང་ཐུབ་པའི་སྐོར་གསུངས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོའི་འགྲོ་བ་མིའི་ཚང་མའི་དཀའ་ངལ་དེ་སོ་སོའི་རང་ཉིད་ཀྱི་བཟོས་པ་ཞིག་ཡིན་པ་དང་། དེར་བརྟེན་སོ་སོ་རང་ཉིད་ཀྱི་སེམས་འདུལ་རྒྱུ་དེ་གལ་ཆེན་པོ་ཡིན། ཁོང་ཁྲོ་ནི་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད། རྒྱ་གར་ནང་དབུལ་ཕྱུག་གྱི་བར་ཁྱད་ཇེ་ཆེར་འགྲོ་བཞིན་པ་དེ་ཡ་རབས་སྤྱོད་བཟང་གི་ཆ་ནས་མ་འགྲིག་པ་ཞིག་ཡིན་པ་དང་། དེ་བཞིན་མ་ནི་པུར་མངའ་སྡེའི་ནང་གི་དབུལ་ཕྱུག་ཁྱད་པ་དེ་ཡང་མངོན་ཐུབ་པ་ཞིག་རེད་འདུག་ཅེས་བཀའ་གནང་འདུག
ཕྱི་ཚེས་༡༧་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མ་ནི་པུར་(Manipur) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོས་གདན་ཞུ་གསོལ་འདེབས་ཞུ་དོནལྟར་ཁུལ་དེ་ཉིན་གསུམ་གྱི་ཞི་བདེའི་ལྷན་ཚོགས་སུ་ཕེབས་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།