རྒྱ་ནག་གཞུང་གིས་དྲག་པོའི་ཁྲིམས་གཞི་ཕྱིར་འཐེན་བྱེད་དགོས།

བཀའ་ཤག་གིས་རྒྱ་ནག་གཞུང་ལ་ཡོངས་གྲགས་མ་བྱས་པའི་བོད་ཐོག་དྲག་པོའི་ཁྲིམས་གཞི་བཀོད་འདོམས་བྱས་པ་དེ་ཕྱིར་འཐེན་ཆེད་འབོད་སྐུལ།

༄༅༎བཙན་བྱོལ་བོད་གཞུང་བཀའ་ཤག་གིས་རྒྱ་ནག་གཞུང་གིས་བོད་ཐོག་ཡོངས་གྲགས་མ་བྱས་པའི་དྲག་པོའི་ཁྲིམས་གཞི་བཀོད་འདོམས་བྱས་པ་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་བ་མ་ཟད་འཛམ་གླིང་མཉམ་འབྲེལ་རྒྱ་ཚོགས་དང་གྲོས་ཚོགས་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ།བོད་དོན་རྒྱབ་སྐྱོར་ཚོགས་པ།གཞུང་དང་མི་སྒེར་པ་སོགས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སེལ་ཐབས་ཆེད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་ཕྱི་ཚེས་ཉི་ཤུ་གཅིག་ཉིན་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་གླ་བྲང་བཀྲིས་འཁྱིལ།རེ་ཀོང་།ལི་ཐང་གཙོ་བོར་འགྱུར་བའི་བོད་ས་ཡོངས་རྫོགས་ནང་རྒྱ་ནག་གི་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་པའི་རྐྱེན་གྱིས་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་མ་ཟད་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་ངོ་རྒོལ་སྐད་འབོད་རིགས་ལ་མི་མང་གི་དམག་ལྟ་བུའི་ཁ་གཏད་གཅོག་རྒྱུ་ཡིན་པའི་གཏམ་བཤད་བྱས་པ་དེ་ནི་མི་རིགས་ནང་ཁུལ་འཁོན་འཛིན་དང་ཁོང་ཁྲོ་ཚབས་ཆེ་སློང་གཞི་ཡིན་སྐོར་འགྲེལ་བརྗོད་གནང་འདུག ཡང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་རྒྱུ་བཀག་འགོག་བྱས་པ་ཡང་རྒྱ་མིས་གང་ཤོད་མིན་ལ་མ་ལྟོས་པར་བོད་ནང་བརྟན་ལྷིང་རྩ་བ་ནས་མེད་པ་གསལ་བཏོན་བྱེད་ཀྱི་ཡོད་སྐོར་དང་རྒྱ་ནག་གཞུང་གིས་སྡེ་དགེ་དང་ཛོ་གང༌།ལི་ཐང༌།ནག་ཆུ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་མངོན་འདོད་ཞི་བའི་ཐོག་ནས་གསལ་བཏོན་གནང་བ་ཙམ་གྱིས་གང་བྱུང་འཛིན་བཟུང་བཀག་ཉར།གདུག་སྦྱོང་མནར་གཅོད་གཏོང་བཞིན་པར་བོད་གཞུང་བཀའ་ཤག་གིས་ངོ་རྒོལ་མཐའ་གཅིག་ཏུ་གནང་འདུག་ལ་གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་རྣམས་ཀྱིས་སྔ་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་ནང་རང་གི་ལུས་སྲོག་གློད་གཏོང་གནང་མཁན་རྣམས་ལ་མྱ་ངན་གསུ་བཏུད་ཞུ་ཕྱིར་ས་གླང་ལོ་གསར་སྲུང་བརྩི་ཞུ་རྒྱུ་མིན་པའི་ཐག་གཅོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་རུང་གཞིས་བཞུགས་བོད་མི་རྣམས་ཀྱིས་ལས་འགུལ་དེ་དག་ཞི་བའི་ཐོག་ནས་སྤེལ་དགོས་པའི་འབོད་སྐུལ་གནང་འདུག ཡང་རྒྱ་ནག་གཞུང་གིས་བོད་ནང་རྡུང་རྡེག་ཚ་ནན་དང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དེ་བཞིན་བོད་མི་རྣམས་ནས་ས་གླང་ལོའི་ལོ་གསར་སྲུང་བརྩི་དགོས་སྐོར་བཙན་བཤད་གཏོང་བཞིན་པར་ངོ་རྒོལ་དྲག་པོ་གནང་བ་དང་སྦྲགས་བོད་ནང་རྡུང་རྡེག་ཚ་ནན་དང་ཡོངས་གྲགས་མ་བྱས་པའི་བོད་ཐོག་དྲག་པོའི་ཁྲིམས་གཞི་བཀོད་འདོམས་བྱས་པ་དེ་འཕྲལ་དི་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org