གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་སྐབས་བཅུ་བདུན་པ་འཚོག་བཞིན་པ།

གཙོ་བོ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་དང་རིས་མེད་སྐྱེས་བུ་དམ་པ་ཚོའི་སྐུ་ཚེ་ཞབས་པད་བརྟན་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་ཏེ་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་སོགས་ལ་དམིགས་ཡོད་པ།

གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་སྨོན་ལམ་འཚོག་བཞིན་པའི་སྐབས། བླ་མ་ཡོན་ཏན་རྒྱ་མཚོ།

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་༸རྒྱལ་བ་ཇོ་ནང་པའི་ཇོ་ནང་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་སྐབས་བཅུ་བདུན་པ་དེ་བཞིན། ལོ་རེ་འཆར་ཅན་ལྟར་འདི་ལོར་ཡང་སྤྱི་ཟླ་ ༡ ཚེས་ ༢༢ ཉིན་ནས་དབུ་འཛུགས་ཀྱི་ཚོགས་མགོན་དུ། ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་ཆིབས་སྒྱུར་གནང་སྟེ་སྤྱི་ཟླ་ ༡ ཚེས་ ༢༧ བར་འཚོག་བཞིན་པ་ནི། གཙོ་བོ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་དང་རིས་མེད་སྐྱེས་བུ་དམ་པ་ཚོའི་སྐུ་ཚེ་ཞབས་པད་བརྟན་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་ཏེ་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་སོགས་ལ་དམིགས་ཡོད་པའི་སྐོར། ཇོ་ནང་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ཡོན་ཏན་རྒྱ་མཚོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་བྱང་ཆུབ་ཤིང་དྲུང་དུ་ཇོ་ནང་སྨོན་ལམ་ཆེན་མོ་འཚོགས་པའི་ཚོགས་མགོན་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ཕེབས་པ་མ་ཟད། སྤྱི་ཚེས་ ༢༣ ཉིན་སྨོན་ལམ་དུ་སྐྱབས་རྗེ་འབོ་དཀར་ཡང་སྤྲུལ་རིན་པོ་ཆེ་མཆོག་ཀྱང་ཆིབས་སྒྱུར་གནང་བའི་མུར། མཁན་བླ་སྤྲུལ་དང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དཔལ་རྒྱལ་བ་ཇོ་ནང་པ་དང་རིས་མེད་ཆོས་རྒྱུད་ཀྱི་དགེ་འདུན་པ་ལྔ་བརྒྱ་ཙམ་འདུས་ཡོད་པ་སོགས། བླ་མ་ཡོན་ཏན་རྒྱ་མཚོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

དཔལ་རྒྱལ་བ་ཇོ་ནང་པ་ལ་ལོ་རྒྱུས་སྟེང་བོད་ཀྱི་དབུས་གཙང་ཁུལ་དུ་དགོན་པ་དང་གསུང་འབུམ་ཡིག་འཇོག་རྒྱ་ཆེ་གནང་མཁན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་དག་ཅིག་བྱུང་ཡོད་པ་མ་ཟད། དེང་སང་ཡང་མདོ་སྨད་ཁུལ་དུ་ཛམ་ཐང་གཙང་བ་དགོན་ཆེན་དང་རྔ་བའི་བསེ་དགོན་པ། མགོ་ལོག་ཁང་སར་ཇོ་ནང་དགོན་པ་སོགས་དགོན་སྒྲུབ་སྡེ་མང་པོ་དང་། ལྷག་པར་རྒྱ་གར་ནང་ཤིམ་ལ་ཇོ་ནང་མ་དགོན་དང་རྡ་རམ་ས་ལར་དུས་འཁོར་གྲྭ་ཚང་སོགས། བོད་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་ཆོས་ཚོགས་དང་དགོན་སྒྲུབ་སྡེ་མང་དག་གིས་ཁྱབ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org