རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་བོད་ནས་ཕྱིར་ཕུད་པ།

ཨ་མི་རི་ཀའི་གསར་འགོད་པ་ལྦོང་དང་གཞན་མི་སྣ་དྲུག་བདུན་ཞིག་ལམ་ཆེན་ཐོག་གི་འགག་སྒོ་ཞིག་ཏུ་བཀག་ནས་ཞིབ་བཤེར་བྱས་ཡོད་སྐོར།

༄༅༎ཉེ་དུས་རྒྱ་ནག་གིས་བོད་ཀྱི་ས་གནས་ཁག་ནང་ཡོད་པའི་ཕྱི་རྒྱལ་གསར་འགོད་པ་འགའ་ཤས་ཕྱིར་ཕུད་བཏང་བའི་གྲས་སུ་ཨ་མི་རི་ཀའི་ནིའུ་ཡོག་གསར་ཤོག་གི་གསར་འགོད་པ་ཨེ་དྲི་ལྦ་དྲི་ལྦོང་ཡོད་པ་དང་ཁོང་གིས་རྨ་ཆུ་ཁུལ་ནས་གནས་ཚུལ་ཞིག་སྤེལ་གནང་ཡོད་པའི་ནང་རྒྱ་མིའི་དྲག་ཆས་དམག་མིས་གསར་འགོད་པ་ཚོའི་ཕྱིར་སྐྱོད་ལག་ཁྱེར་འཕྲོག་ལེན་བྱས་ཏེ་མཚན་མོ་ཁོང་དང་གསར་འགོད་པ་གཞན་དྲུག་བདུན་ཞིག་ལམ་ཆེན་ཐོག་གི་འགག་སྒོ་ཞིག་ཏུ་བཀག་ནས་ཞིབ་བཤེར་བྱས་ཡོད་སྐོར་གསར་འགོད་པ་ཨེ་དྲི་ལྦ་དྲི་ལྦོང་གིས་འགྲེལ་བརྗོད་གནང་འདུག

རྒྱ་མིའི་དྲག་ཆས་ཉེན་རྟོག་པས་ཁོང་དང་ཕྱག་སྦྲེལ་གསར་འགོད་པ་གཞན་ཚོ་ས་གནས་ཉེན་རྟོག་པའི་ལས་ཁུང་ལ་ཁྲིད་ནས་དྲི་རྩད་བྱས་རྗེས་པེ་ཅིང་ཕྱོགས་སུ་བསྐྱོད་མཁན་གནམ་གྲུའི་ནང་བཅུག་སྟེ་བོད་ནས་ཕྱིར་ཕུད་བྱས་ཡོད་པ་དང་རྒྱ་མིའི་དྲག་ཆས་དཔུང་སྡེའི་དཔོན་རིགས་ཤིག་ནས་ཕྱི་རྒྱལ་གསར་འགོད་པའི་བདེ་འཇགས་དོན་དུ་དེ་ལྟར་བྱས་པ་ཡིན་ཚུལ་བརྗོད་ཡོད་པ་རེད།

ཨེ་དྲི་ལྦ་དྲི་ལྦོང་ལ་བདུན་གཉིས་གོང་རྒྱ་མིའི་དཔུང་དམག་གིས་འཛིན་བཟུང་བྱེད་ཀྱི་རེད་མཉམ་པའི་བློ་དགོས་ཡོད་ཅིང་གང་ལ་ཞེས་ན་རྒྱ་ནག་གཞུང་གིས་རྣོ་ངར་ཆེན་པོ་རྩིས་སའི་བོད་ཀྱི་གནད་དོན་ཐོག་ཁོང་གིས་གནས་ཚུལ་སྤེལ་གནང་ཡོད་པ་དང་རྒྱ་གཞུང་གིས་བོད་ནང་ངོ་རྒོལ་སྒེར་ལངས་བསྐྱར་དུ་མི་ཡོང་བའི་སྔོན་འགོག་ཆེད་དཔུང་དམག་ཕོན་ཆེ་འགྲེམས་འཇོག་བྱེད་བཞིན་པའི་སྐབས་འདི་འདྲ་ཞིག་ལ་ཨེ་དྲི་ལྦ་དྲི་ལྦོང་གིས་བོད་ཀྱི་ས་ཁུལ་མཚོ་སྔོན་དང་ཀུན་སུ་ཞིང་ཆེན་ཁུལ་ནས་གསར་འགྱུར་བཀོད་སྤེལ་གནང་གི་ཡོད་པར་བརྟེན་རྒྱ་མིའི་དམག་དཔུང་གིས་ཁོང་ཐོག་དམ་བསྒྲགས་བྱ་རྒྱུ་ངེས་པ་ཞིག་ཡིན་པ་ཁོང་གི་སེམས་ནང་སྔ་ས་ནས་གྲ་སྒྲིག་ཡོད་པ་རེད།

ནིའུ་ཡོག་ཊ་ཡེམ་སེ་གསར་འགོད་པ་ལྦོང་གིས་བོད་ནང་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་མི་དགའ་བ་ཆེན་པོ་ཡོད་པ་གཟིགས་ཡོད་པ་དང་སྔ་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ས་ཡོངས་ནང་བོད་མི་ཚོས་རྒྱ་གཞུང་ལ་མི་འདོད་པའི་ཞི་བའི་ངོ་རྒོལ་རྒྱ་ཁྱབ་ཏུ་སྤེལ་བ་དེ་ད་ལོ་ལྔ་བཅུའི་དུས་དྲན་སྐབས་བསྐྱར་དུ་ལངས་སྲིད་པའི་ཉེན་ཁ་ཡོད་པར་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་ཐོག་ནས་རྒྱ་མིའི་བདེ་འཇགས་དམག་དཔུང་གིས་བོད་ནང་རང་སྣང་གང་དྲ་བྱེད་དགོས་བསམ་ནས་བོད་མིའི་ཐོག་དྲག་གནོན་ཚབས་ཆེ་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་ལ་མ་ཁྱབ་པའི་དོན་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་བོད་ནས་ཕྱིར་འབུད་བྱ་རྒྱུ་དེ་རྒྱ་ནག་གཞུང་གིས་ཐབས་བྱུས་གལ་ཆེ་ཞིག་ལ་རྩིས་ཡོད་པའི་སྐོར་གསར་འགོད་པ་ཨེ་དྲི་ལྦ་ཌི་ལྦོང་གིས་འགྲེལ་བརྗོད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org