ཧ་རི་ཡ་ན་མངའ་སྡེའི་ཨམ་བྷ་ལ་གྲོང་ཁྱེར་ནང་བོད་མིའི་དགུན་ཚོང་ཁྲོམ་རར་མེ་སྐྱོན་ཤོར་ཡོད་པ།
ཧ་རི་ཡ་ནའི་མངའ་སྡེའི་ཨམ་བྷ་ལ་གྲོང་ཁྱེར་ནང་ཡོད་པའི་བོད་མི་དགུན་ཚོང་གཉེར་མཁན་ཁྱིམ་ཚང་བརྒྱད་ཀྱི་ཁྲོམ་ས་བཅུ་ཡོད་པ་ཚང་མར་མེ་སྐྱོན་ཤོར་ཡོད་པའི་གནས་ཚུལ།
- 2022-01-21
-
-
-
Your browser doesn’t support HTML5 audio
ཟླ་༡ ཚེས་༢༡ ཉིན་ཐོ་རངས་ཆུ་ཚོད་གསུམ་དང་ཕྱེད་ཀའི་གཡས་གཡོན་དུ་ཧ་རི་ཡ་ནའི་མངའ་སྡེའི་ཨམ་བྷ་ལ་གྲོང་ཁྱེར་ནང་ཡོད་པའི་བོད་མི་དགུན་ཚོང་གཉེར་མཁན་ཁྱིམ་ཚང་བརྒྱད་ཀྱི་ཁྲོམ་ས་བཅུ་ཡོད་པ་ཚང་མར་མེ་སྐྱོན་ཤོར་ཡོད་པ་དང་། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཞོན་བསྟན་འཛིན་མཁྱེན་བརྩེ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། འདི་ལོར་དེ་སྔོན་དང་མི་འདྲ་བར་ནད་ཡམས་ཀྱིས་རྐྱེན་པས་བོད་མི་དགུན་ཚོང་བ་ཁྱོན་༢༡ ཡོད་པའི་ཁོངས་ནས་དུད་ཚང་བརྒྱད་ཀྱིས་ཁྲོམ་ས་བཅུ་ལ་དགུན་ཚོང་བཤམས་ཡོད་པ་ནས་ཚང་མ་ལ་མེ་སྐྱོན་ཤོར་འདུག་ཅེས་དང་། མེ་སྐྱོན་གྱི་རྐྱེན་གློག་སྐུད་བརྒྱུད་ནས་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་པའི་སྐོར་གསུངས་གནང་སོང་།
དེ་བཞིན་མེ་སྐྱོན་ཤོར་རྗེས་ཚོང་བ་རྣམས་ས་གནས་ཀྱི་རྒྱ་གར་གྲོས་ཚོགས་འཐུས་མི (MLA) ཁག་ཅིག་གི་མདུན་ལ་བཅར་ཏེ་མེ་སྐྱོན་གྱི་གནས་སྟངས་ཆ་ཚང་འགྲེལ་བརྗོད་ཞུས་ཡོད་པ་དང་། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐུ་ཚབ་ཁག་ས་གནས་སུ་འབྱོར་སྐབས་ཚང་མས་སེམས་སྡུག་ཆེན་པོ་གནང་བཞིན་འདུག་ཅེས་དང་། ད་དུང་ས་གནས་སུ་ཕྱིན་ཏེ་དངོས་སུ་རྒྱུས་ལོན་བྱས་པ་བརྒྱུད་ཁྲོམ་སའི་བདག་པོ་ཚང་མ་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་རེད་འདུག་ཅེས་གསུངས་སོང་།
སྤྱིར་སྟངས་འདི་ལོར་རྒྱ་གར་རྒྱལ་ཡོངས་སུ་བོད་མི་དགུན་ཚོང་བ་ཕལ་ཆེ་བས་ཚོང་ལམ་རྒྱུགས་པོ་དེ་ཙམ་བྱུང་མི་འདུག་ལ། ལྷག་པར་དུ་ས་གནས་མང་པོ་ཞིག་ལ་ཁྲོམ་ས་དུས་ཐོག་ཏུ་མ་རག་པ་སོགས་ཀྱི་དཀའ་ངལ་འོག་དུས་ཐོག་ཏུ་ཁྲོམ་བཤམས་ཐུབ་མེད་པ་དང་། ཡང་རིམས་ནད་ཀྱིས་རྐྱེན་པས་ཇམ་ཤི་པུར་གཙོས་བོད་མིའི་ཁྲོམ་ས་འགའ་ཞིག་སྒོ་རྒྱག་དགོས་འཁེལ་བ་སོགས་བྱུང་འདུག
གཞི་རྩའི་བོད་མི་དགུན་ཚོང་བ་རྣམས་ཀྱི་ཅ་དངོས་ཚང་མ་མེ་འབར་སླ་བའི་དངོས་པོ་རྐྱང་རྐྱང་ཡིན་པ་མ་ཟད། དགུན་ཚོང་བཤམ་སའི་ཁྲོམ་ས་ནང་གློག་སྐུད་སོགས་ཀྱི་མེ་སྐྱོན་ཐད་བདེ་འཇགས་དེ་ཙམ་ཡག་པོ་མེད་པ་བཞིན་ད་བར་བོད་མིའི་དགུན་ཚོང་ཁྲོམ་ར་མང་པོ་ཞིག་ལ་མེ་སྐྱོན་ཤོར་ཡོད་འདུག
ད་ཐེངས་ཨམ་བྷ་ལ་བོད་མིའི་དགུན་ཚོང་ཁྲོམ་ར་ལ་མེ་སྐྱོན་ཤོར་རྗེས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་དང་། ད་དུང་མི་མང་མང་པོ་ཞིག་གིས་སེམས་འཚབ་ཆེན་པོས་མེ་སྐྱོན་ལ་དོགས་ཟོན་དགོས་པའི་ལམ་སྟོན་དང་དྲན་བསྐུལ་བྱེད་བཞིན་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག