༸གོང་ས་མཆོག་གི་ཕེ་རན་སིའི་མཛད་འཆར།
༸གོང་ས་མཆོག་ནས་རྒྱལ་ས་པེ་རིསིའི་ཕྱི་རོལ་དུ་ཡོད་པའི་ནང་པའི་མཆོད་རྟེན་ཞིག་ལ་རབ་གནས་དང་དེའི་དབུ་འབྱེད་མཛད་ཡོད་པ་རེད།
-
2008-08-12 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཕེ་རན་སི་རུ་ཉིིན་གྲངས་བཅུ་གཉིས་ཀྱི་མཛད་འཆར་ཆེད་ཆིབས་བསྒྱུར་སྐྱོང་གནང་མཛད་བཞིན་ཡོད་པ་དང་ གཟའ་མིག་དམར་ཉིན་ རྒྱལ་ས་པེ་རིསིའི་ཕྱི་རོལ་དུ་ཡོད་པའི་ནང་པའི་མཆོད་རྟེན་ཞིག་ལ་རབ་གནས་དང་དེའི་དབུ་འབྱེད་མཛད་ཡོད་པ་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེ་རན་སིའི་ཆིབས་བསྒྱུར་འདི་ནི་ཧ་ལམ་པེ་ཅིང་དུ་ཚུགས་བཞིན་པའི་ཨོ་ལིམ་པིག་གི་དུས་ཚོད་དང་མཉམ་པ་ཞིག་ཡིན་ཞིང་ འོན་ཀྱང་ཉིན་གྲངས་བཅུ་གཉིས་ཀྱི་མཛད་འཆར་ནང་ཆབ་སྲིད་ཀྱི་ངོ་བོ་དང་ལྡན་པའི་མཛད་འཆར་ནི་ གཟའ་ལྷག་པའི་ཉིན་ཕེ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་དེ་ལས་མེད་པ་དང་ དེ་མིན་གྱི་མཛད་འཆར་ཡོངས་རྫོགས་ཆོས་ཕྱོགས་དང་འབྲེལ་བའི་མཛད་འཆར་འབའ་ཞིག་ཡིན་པ་རེད་
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་ཟླ་བའི་ཉིན་ཕེ་རན་སིའི་རྒྱལ་ས་པེ་རིསི་དུ་ཕེབས་འབྱོར་རྗེས་ གྲོང་ཁྱེར་སྤྱི་ཁྱབ་པ་དང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་མི་སྣ་དང་མཇལ་འཕྲད་གནང་ཡོད་པ་དང་ གཟའ་མིག་དམར་ཉིན་གྱི་མཛད་འཆར་གྱི་ཁོངས་སུ་ པེ་རིསི་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཡོད་པའི་ལྦིཡེཏ་ནམ་ནང་པ་ཚོས་བཞེངས་པའི་མཆོད་རྟེན་ཆེན་པོ་ཞིག་གི་རྟེན་གཙོ་ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་ལ་རབ་གནས་སྩལ་གནང་མཛད་རྒྱུ་ཡིན་འདུག
ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕེ་རན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛི་ རྣམ་གཉིས་མཇལ་འཕྲད་གནང་རྒྱུ་མིན་ཞིང་ ཕེ་རན་སིའི་གཞུང་གི་མགྲིན་ཚབ་པས་ ཐེངས་འདིའི་ཏཱ་ལའི་བླ་མ་མཆོག་གི་ཆིབས་བསྒྱུར་གྱི་དུས་ཚོད་འདི་ཨོ་ལིམ་པིག་ཚུགས་པ་དང་དུས་མཉམ་དུ་འཁེལ་བར་བརྟེན་ ཕེ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་ཞུ་རྒྱུ་དེ་དུས་ཚོད་རན་པོ་མིན་པ་ཏཱ་ལའི་བླ་མ་མཆོག་ཉིད་ནས་བཀའཀ་གནང་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད་ འོན་ཀྱང་གནད་དོན་འདིའི་ཐད་ཕེ་རན་སིའི་སྲིད་དོན་མི་སྣ་ཚོས་ ཕེ་རན་སིའི་གཞུང་གིས་རྒྱ་ནག་ལ་ཕོག་ཐུག་མི་ཡོང་ཆེད་བཟོད་སྲན་བྱེད་དྲགས་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་
གཟའ་ལྷག་པའི་ཉིན་གསར་འགོད་པ་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཞིག་ཀྱང་ཡོད་འདུག།